ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་དུས་བཅད་ལྟར་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་ལ་ཁ་པར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ5བའི་ཚེས8ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དུས་བཅད་ལྟར་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་ལ་ཁ་པར་བཏང་།

ཞི་ཅིན་ཕིང་གིས་གསུངས་རྒྱུར། དེང་སྐབས་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་འཕེལ་རྒྱས་དེ་དུས་སྐབས་གལ་ཆེན་དུ་གནས་ཡོད། བདག་གིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་ཙུང་ཐུང་ལགས་ཀྱི་ཧ་ཅང་བཟང་བའི་བྱ་བའི་འབྲེལ་བར་གཅེས་སྤྲས་བྱེད་བཞིན་ཡོད། ཕྱོགས་གཉིས་ཀྱིས་བདག་དང་ཙུང་ཐུང་ལགས་ཀྱིས་པེ་ཅིན་ནས་ཐུག་འཕྲད་བྱེད་སྐབས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་ནན་ཏན་སྒོས་དངོས་འབེབས་བྱེད་པ་དང་། མཐོ་རིམ་དང་དེ་མིན་རིམ་པ་སོ་སོའི་འགྲོ་འོང་དང་འབྲེལ་འདྲིས་སྲུང་འཛིན་བྱས་ཏེ། ཕན་ཚུན་ལ་བརྩི་འཇོག་དང་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཞིང་མཉམ་ལས་གཅིག་སྡུད་དང་འགལ་བ་སྣ་ཚོགས་ལ་དོ་དམ་དང་ཚོད་འཛིན་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། གཟའ་འཁོར་སྔོན་མར་ཀྲུང་གོ་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱིས་པེ་ཅིན་ནས་དཔལ་འབྱོར་ཉོ་ཚོང་གནད་དོན་ཐད་ནས་རྣམ་དག་དང་ཕན་འབྲས་མཐོ་བ། འཛུགས་སྐྲུན་རང་བཞིན་གྱི་གྲོས་མོལ་བྱས། ཕྱོགས་གཉིས་ཀྱི་ཚོགས་ཁག་གིས་འབྲེལ་འདྲིས་སྲུང་འཛིན་བྱེད་པ་དང་གནས་པའི་གནད་དོན་འོས་འཚམ་སྒོས་ཐག་གཅོད་པའི་བྱེད་ཐབས་བཙལ་ཏེ། གཉིས་ཕན་མཉམ་རྒྱལ་གྱི་གྲུབ་འབྲས་ཐོབ་པར་བྱེད་དགོས་ཟེར།

ཐི་ལང་ཕུའུ་ཡིས་བཤད་རྒྱུར། ཨ་མེ་རི་ཁ་ཕྱོགས་ཀྱིས་ཨ་མེ་རི་ཁ་དང་ཀྲུང་གོའི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། བདག་གིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་མུ་མཐུད་ནས་འབྲེལ་འདྲིས་དམ་པོ་བྱེད་པར་རེ་སྒུག་བྱས་ཡོད། ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་ཞིང་དཔལ་འབྱོར་ཉོ་ཚོང་གནད་དོན་འོས་འཚམ་སྒོས་ཐག་གཅོད་པ་དང་། ཨ་མེ་རི་ཁ་དང་ཀྲུང་གོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།