ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་བྱ་བའི་གསོ་སྦྱོང་འཛིན་གྲྭ་ཚེས་ཉེར་གསུམ་ཉིན་གྱི་སྔ་དྲོར་ཀྲུང་དབྱང་སྤྱི་ཚོགས་རིང་ལུགས་སློབ་གླིང་ནས་ཚོགས་འགོ་བརྩམས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པཱ་ཐི་ཨར་འཛིན་གྲྭ་ཚོགས་འགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་གཏམ་བཤད་སྤེལ།
པཱ་ཐི་ཨར་གྱིས་བཤད་རྒྱུར། དུས་རབས་གསར་བའི་མི་དམངས་སྲིད་གྲོས་དང་མི་རིགས་ཆོས་ལུགས་བྱ་བས་འདུ་ཤེས་བཞི་དམ་པོར་བཅངས་པ་དང་ཡིད་ཆེས་བཞི་ཇེ་བརྟན་དུ་བཏང་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བྱ་བ་མཐའ་དག་ལ་གཅིག་གྱུར་སྒོས་བཀོད་འདོམས་བྱེད་དགོས་ལ། རང་འགུལ་གྱིས་བྱ་བར་འབད་པ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་དང་མི་རིགས་ཆོས་ལུགས་བྱ་བའི་སྐོར་གྱི་འདུ་ཤེས་གསར་བ་དང་དགོངས་པ་གསར་བ། འཐབ་ཇུས་གསར་བ་བཅས་རབ་དང་རིམ་པར་ནན་ཏན་སྒོས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ནས། མི་རིགས་ཆོས་ལུགས་ཁྱབ་ཁོངས་ཀྱི་གནད་དོན་གཙོ་བོར་དམིགས་ཏེ་བློ་འདོན་ཇུས་འབུལ་བྱེད་པ་དང་། ཀྲུང་དབྱང་གི་མི་རིགས་ཆོས་ལུགས་བྱ་བའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ལ་དམིགས་ཏེ་དམངས་གཙོ་ལྟ་སྐལ་དང་བརྟག་དཔྱད་ཞིབ་འཇུག་བྱེད་དགོས། འབྲེལ་འདྲིས་སྒྲོག་ཐག་ནུས་པ་འདོན་སྤེལ་བྱས་ནས། ལས་རིགས་ཁག་གི་མང་ཚོགས་དང་འབྲེལ་འདྲིས་དམ་པོ་བྱས་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་སྔར་ལས་ཁྱབ་ཆེ་བའི་སྟོབས་ཤུགས་གཅིག་བསྡུ་བྱེད་པར་འབད་བརྩོན་བྱེད་དགོས་ཟེར།
ཐེངས་འདིའི་གསོ་སྦྱོང་འཛིན་གྲྭའི་དུས་ཡུན་ཉིན་ལྔ་རེད། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་མི་སྣ་དང་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར། ཞིང་ཆེན་རིམ་པ་གཞོན་པའི་གྲོང་ཁྱེར་བཅས་སོ་སོའི་སྲིད་གྲོས་དང་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན་སོགས་ཕལ་ཆེར་མི་བརྒྱ་དང་ལྔ་བཅུ་གསོ་སྦྱོང་ཁྲོད་ཞུགས། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
རྒྱལ་ཡོངས་སྲིད་གྲོས་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་བྱ་བའི་གསོ་སྦྱོང་འཛིན་གྲྭ་པེ་ཅིན་ཚོགས་འགོ་བརྩམས།