ཀྲུང་གོ་བོད་ཀྱི་དྲ་བ།

ཤང་ཀང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་སློབ་གསོའི་ཉིན་མོའི་བྱེད་སྒོ་ཐོག་མར་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-04-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས15ཉིན“དམངས་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་སློབ་གསོའི་ཉིན་མོའི་ཤང་ཀང་གི་བགྲོ་གླེང་ཚོགས་འདུ”ཤང་ཀང་དུ་འཚོགས་པ་དང་། དེ་ནི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་སློབ་གསོའི་ཉིན་མོའི་བྱེད་སྒོ་ཐོག་མར་སྤེལ་བ་ཞིག་རེད། བྱེད་སྒོ་དེ་ནི་ཤང་ཀང་སྲིད་ཇུས་ཞིབ་འཇུག་ཁང་གིས་གཙོ་གཉེར་བྱས་པ་དང་། དམིགས་བསལ་ཁུལ་སྲིད་གཞུང་དང་ཤང་ཀང་དུ་བཅའ་སྡོད་ཀྲུང་དབྱང་སྲིད་གཞུང་འབྲེལ་གཏུག་གཞུང་དོན་ཁང་གི་རྒྱབ་སྐྱོར་ཐོབ་ཡོད་པ་རེད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུང་ཅན་ཧྭ་དང་ལས་རིགས་ཁག་གི་མི་སྣ་བཅས་ཁྱོན་མི400ལྷག་ཙམ་ཚོགས་འདུར་ཞུགས་པ་དང་། འགྲེལ་བཤད་པ་མང་པོ་ཞིག་གིས་བཅའ་ཁྲིམས་དང་། ཕྱི་འབྲེལ། བདེ་སྲུང་། བཟའ་བཅའ། དེ་བཞིན་འཕྲོད་བསྟེན་དང་། དངུལ་རྩ་སོགས་ཀྱི་རྣམ་པའི་ཐོག་ནས་རྒྱལ་ཁབ་ཀྱི་བདེ་འཇགས་གནད་དོན་སྐོར་ལ་བགྲོ་གླེང་གཏིང་ཟབ་བྱས་པ་རེད།

ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལིན་ཀྲེན་གཡོད་ཨེ་ཡིས་ཤིས་ཚིག་གསུང་སྐབས། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་ནི་ཀྲུང་གོ་རྒྱལ་ཁབ་ཀྱི་ཁ་འབྲལ་ཏུ་མི་རུང་བའི་ཆ་ཤས་ཤིག་ཡིན་པས་དེར་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་འགན་འཁྲི་ཡོད་ལ། དེ་ནི་ཤང་ཀང་གི་ཁེ་ཕན་དང་རྦད་དེ་མཚུངས་པ་ཞིག་རེད་ཅེས་གསུངས་པ་དང་། ཁོང་གིས་སློབ་གསོའི་ཉིན་མོ་དེ་གོ་སྐབས་སུ་བྱས་ནས་རྒྱལ་ཁབ་བདེ་འཇགས་ཀྱི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་བ་དང་རྒྱལ་ཁབ་བདེ་འཇགས་ཐད་ཀྱི་ཤང་ཀང་མང་ཚོགས་ཀྱི་འདུ་ཤེས་ཟབ་ཏུ་ཏན་ཏིག་བཏང་ནས་ལས་རིགས་ཁག་སོ་སོའི་ཁྱབ་ཁོངས་སུ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་ལས་དོན་ཡག་པོ་སྒྲུབ་རྒྱུར་སྐུལ་སློང་བྱེད་དགོས་པའི་ཐུགས་རེ་གནང་བ་རེད།

ཤང་ཀང་དུ་བཅའ་སྡོད་ཀྲུང་དབྱང་སྲིད་གཞུང་འབྲེལ་གཏུག་གཞུང་དོན་ཁང་གི་ཀྲུའུ་རེན་ཝང་ཀྲི་མིན་གྱིས་ཤིས་ཚིག་གསུང་སྐབས། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་ནི་སྤུན་ཟླ་ཤང་ཀང་བའི་རྩ་བའི་བདེ་སྐྱིད་ཅིག་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་སྲུང་སྐྱོང་བྱེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ཞིག “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”སྲུང་སྐྱོང་བྱེད་པའི་ལམ་ལུགས་ཀྱི་བདེ་འཇགས་ཤིག་བཅས་རེད་ཅེས་གསུངས་པ་རེད།

དེ་དང་ཆབས་ཅིག་ཨའོ་མོན་གྱིས་ཀྱང་ཉིན་དེར་འགོ་ཚུགས་མཛད་སྒོ་ཐོག་མར་འཚོགས་ཤིང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་དཔོན་རིགས་གཙོ་བོ་དང་། ཁྲིམས་འཛུགས་དང་དེ་བཞིན་ཁྲིམས་འཛིན་ལས་ཁུངས་ཀྱི་འགན་འཁུར་བ། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན། ཨའོ་མོན་དུ་བཅའ་སྡོད་ཀྲུང་དབྱང་ལས་ཁུངས་ཀྱི་འབྲེལ་ཡོད་འགན་འཁུར་བ། དེ་བཞིན་ཨའོ་མོན་གྱི་སྤྱི་ཚོགས་ལས་རིགས་ཁག་གི་འཐུས་མི་བཅས་ཁྱོན་མི200ཙམ་མཛད་སྒོར་ཞུགས་ཡོད། འགྲེམས་སྟོན་དེ་ཟླ4ཚེས30ཉིན་བར་མུ་མཐུད་བྱ་རྒྱུ་དང་། སྔོན་དཔག་བྱས་ན་ལྟ་སྐོར་བ་མི་གྲངས10000ལྷག་ཙམ་ཟིན་རྒྱུ་ཡིན་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།