ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁ་ཧྲིན་ཁི་ཡིས་རྒྱལ་སྲིད་ཨུ་ཡོན་ཞོར་དུ་རྒྱལ་སྲུང་པུའུ་ཀྲང་གི་འགན་འཁུར་མཁན་ཝེ་ཧྥུན་ཧི་ལ་ཐུག་འཕྲད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-04-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བཞི་བའི་ཚེས་དྲུག་ཉིན། ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁ་ཧྲིན་ཁི་ཡིས་ཙུང་ཐུང་བཞུགས་ཤག་ནས་རྒྱལ་སྲིད་ཨུ་ཡོན་ཞོར་དུ་རྒྱལ་སྲུང་པུའུ་ཀྲང་གི་འགན་འཁུར་མཁན་ཝེ་ཧྥུན་ཧི་ལ་ཐུག་འཕྲད་བྱས།

ལུའུ་ཁ་ཧྲིན་ཁི་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་མུ་མཐུད་དུ་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ལ་བདམས་པར་རྟེན་འབྲེལ་ཞུས་པར་མ་ཟད། ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུ་བ་བརྒྱུད་སྒྲོག་བྱས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཡང་དག་པའི་འགོ་ཁྲིད་འོག་ཏུ་ཀྲུང་གོས་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་ཐུབ་པར་ཡིད་ཆེས་ཡོད་པའི་ཚུལ་བསྟན། ཁོས་བཤད་རྒྱུར། ཨུ་རུ་སི་དཀར་པོ་ནི་ནམ་ཡིན་ཡང་ཀྲུང་གོའི་ཡིད་རྟོན་རུང་བའི་གྲོགས་པོ་བཟང་བོ་ཡིན་པ་དང་། ཨུ་རུ་སི་དཀར་པོ་ཕྱོགས་ཀྱིས་བློ་ཐག་རྦད་ཆོད་སྒོས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་གྲོས་འགོ་བཏོན་པར་རྒྱབ་སྐྱོར་བྱེད་པར་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་དུ་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་བ་དང་ས་གནས་ཀྱི་བདེ་འཇགས་དང་བརྟན་འཇགས་སྲུང་སྐྱོབ་བྱེད་འདོད་ཡོད་ཟེར།

ཝེ་ཧྥུན་ཧི་ཡིས་ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་ལུའུ་ཁ་ཧྲིན་ཁི་ལ་བརྩེ་བའི་འཚམས་འདྲི་ཞུས་པ་བརྒྱུད་སྒྲོག་བྱས་པ་དང་ཀྲུང་གོས་བདེ་བླག་ངང་ཚོགས་ཆེན་གཉིས་ཚོགས་པའི་གནས་ཚུལ་མཚམས་སྦྱོར་བྱས། ཁོས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ལུའུ་ཁ་ཧྲིན་ཁི་རྣམ་གཉིས་ཀྱིས་སེམས་ཞིབ་མོས་གསོ་སྐྱོང་བྱས་འོག་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་ལ་ཡིད་ཆེས་དང་མཉམ་ལས་མཉམ་རྒྱལ་བྱེད་པའི་ཀྲུང་གོ་དང་ཨུ་རུ་སི་དཀར་པོའི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་སོང་བ་དང་མཉམ་ལས་བགྲོད་ལམ་དང་མཉམ་རྒྱལ་བགྲོད་ལམ་ཞིག་ཏུ་བསྐྱོད། དེང་སྐབས་ཀྲུང་གོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་འོག ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སི་དཀར་པོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བཟང་བོ་བྱེད་པ་དང་། ཧུར་ཐག་སྒོས་རྒྱལ་ཁབ་གཉིས་ཀྱི་དམག་དཔུང་བར་གྱི་མཉམ་ལས་ཆུ་ཚད་གསར་བ་ཞིག་ཏུ་མཐོར་འདེགས་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར། 
 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།