ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་བྱ་བར་གཟིགས་ཞིབ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-04-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

68e0c439af7652965b3fb8b505fe83d8.jpg

        ཟླ4བའི་ཚེས3ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ལ་གཟིགས་ཞིབ་མཛད་པར་མ་ཟད་འགོ་འཛིན་མཛད་དེ་བཞུགས་མོལ་ཚོགས་འདུ་བསྡུས། པར་འདི་ནི་ཧན་ཀྲིན་གྱིས་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་སྲིད་དོན་ཞབས་ཞུའི་ཚོམས་ཆེན་ལ་གཟིགས་ཞིབ་མཛད་པའི་ཚུལ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་ཚེས3ཉིན་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་བྱ་བར་གཟིགས་ཞིབ་མཛད་པར་མ་ཟད་འགོ་འཛིན་མཛད་དེ་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། དུས་རིམ་རྗེས་མའི་འཕེལ་རྒྱས་བཅོས་སྒྱུར་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཧན་ཀྲིན་སྲིད་དོན་ཞབས་ཞུའི་ཚོམས་ཆེན་དུ་ཕེབས་ཏེ། རྒྱལ་ཁབ་གཞི་གྲངས་མཉམ་སྤྱོད་བརྗེ་རེས་སྟེགས་བུ་འཛུགས་སྐྲུན་དང་སྲིད་གཞུང་གི་འགན་ནུས་སྒྱུར་བའི་བྱ་བར་སྐུལ་གཏོང་བར་གཟིགས་ཞིབ་མཛད་པར་མ་ཟད། ལས་ཁུངས་ཁ་ཤས་སུ་ཕེབས་ཏེ་ལས་བྱེད་པ་དང་ལས་བཟོ་བར་འཚམས་འདྲི་ཞུས་པ་དང་། འབྲི་ཆུ་དཔལ་འབྱོར་ས་ཁུལ་འཛུགས་སྐྲུན་དང་། དངོས་སྐྱེལ་མ་རྩ་ཇེ་དམར་གཏོང་བ་དང་ཕན་འབྲས་མཐོར་འདེགས་སུ་གཏོང་བ། བཟོ་སྐྲུན་ལས་གཞི་ཞིབ་བཤེར་མཆོག་མཆན་གྱི་ནུས་ཚད་མཐོར་འདེགས་སུ་གཏོང་བ་བཅས་ཀྱི་བྱ་བའི་གནས་ཚུལ་ལ་རྒྱུས་ལོན་མཛད།

ཧན་ཀྲིན་གྱིས་གསུངས་རྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག ཏང་དང་རྒྱལ་ཁབ་ཀྱི་ཁྱོན་ཡོངས་ལ་དམ་པོར་དམིགས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཐབ་ཇུས་བཀོད་སྒྲིག་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱས་ནས། ཆེ་ཕྱོགས་ནས་སྙོམས་སྒྲིག་ཚོད་འཛིན་བྱེད་པའི་བསམ་ཕྱོགས་དང་བྱེད་ཐབས་གསར་གཏོད་བྱེད་པ་དང་། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བ། གསར་གཏོད་ཡར་སྐུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ས་ཁོངས་མཐུན་སྦྱོར་སྒོས་འཕེལ་རྒྱས་སུ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ། དམངས་ཚིས་ལ་ཁག་ཐེག་དང་ལེགས་བཅོས་བྱེད་པ་བཅས་ཀྱི་ཐད་ལ་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད་ཟེར།

ཧན་ཀྲིན་གྱིས་ནན་གྱིས་གསུངས་རྒྱུར། འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་འགན་ནུས་ལེགས་སྒྲིག་བྱེད་པའི་བྱ་བར་གོ་བ་ཡང་དག་པ་ལེན་པ་དང་། ཁྱོན་ཡོངས་ལ་ཞབས་འདེགས་ཞུས་ཏེ། ཆེ་ཕྱོགས་ནས་དོ་དམ་བྱེད་པའི་འགན་ནུས་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། ཆུང་ཕྱོགས་ནས་དོ་དམ་བྱེད་པའི་འགན་ནུས་ལེགས་སྒྲིག་བྱེད་དགོས། ཁྱད་པར་དུ་རྒྱལ་ཁབ་ཀྱི་ཡུན་རིང་གི་འཕེལ་རྒྱས་ལ་འབྲེལ་བ་ཡོད་པའི་འཐབ་ཇུས་གལ་ཆེན་ལ་ཞིབ་འཇུག་བྱེད་པར་ཤུགས་སྣོན་པ་དང་། ལས་ཁུངས་དང་ལས་རིགས་ལས་བརྒལ་བའི་སྲིད་ཇུས་གལ་ཆེན་མཐུན་སྦྱོར་ཡོང་བར་བྱེད་དགོས། དཔལ་འབྱོར་འཁོར་རྒྱུག་གི་འཕེལ་ཕྱོགས་ཆེན་པོའི་རྗེས་འབྲངས་ཏེ་ཁྱོན་ཡོངས་རང་བཞིན་གྱི་ཤུགས་རྐྱེན་ལྡན་པའི་ས་ཁོངས་ལས་བརྒལ་བའི་ལས་གཞི་གལ་ཆེན་ལ་སྐུལ་འདེད་བཏང་སྟེ། བྱ་སྤྱོད་དངོས་ཀྱི་སྟེང་ནས་བཅོས་སྒྱུར་ལས་འགན་དངོས་འབེབ་བྱེད་པར་དམ་འཛིན་བྱེད་དགོས་ཟེར།

ཧན་ཀྲིན་གྱིས་ནན་གྱིས་གསུངས་རྒྱུར། ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་པ་ནི་བཅོས་སྒྱུར་སྒོ་འབྱེད་བྱ་བ་བཟང་བོར་སྒྲུབ་པའི་ཆབ་སྲིད་ཀྱི་འགན་སྲུང་བརྟན་པོ་ཡིན་པས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་པོ་བྱས་ནས། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། ཡིད་ཆེས་བཞི་ཇེ་བརྟན་དུ་བཏང་སྟེ། ཏང་ཀྲུང་དབྱང་གི་སྲིད་ཇུས་དང་བཀའ་ཁྱབ་ཐོགས་པ་མེད་པར་ལག་བསྟར་བྱེད་དགོས་པར་མ་ཟད། བསམ་བློ་བཅིངས་འགྲོལ་དང་བཅོས་སྒྱུར་གསར་གཏོད། དཀའ་སྤྱད་འབད་འཐབ་བཅས་བྱས་ནས། བྱ་བ་སྣ་ཚོགས་ལེགས་སྒྲུབ་བྱས་ཏེ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་ལེན་པ་དང་། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་བརྩོན་ལེན་བྱེད་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་བྱས་རྗེས་གསར་བ་འཇོག་དགོས་ཟེར།

ཧི་ལི་ཧྥིན་གོང་གི་བྱ་འགུལ་ཁྲོད་ཞུགས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།