ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་པེ་ཅིན་ནས་གྲོལ་བ་དང་། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2d003aeb4866c7e223f19e8cf9dccba6.jpg

ཟླ3པའི་ཚེས20ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་པེ་ཅིན་ནས་གྲོལ་བ་དང་། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།

f1fc847d0b9a31454b3e8559627806bf.jpg

ཟླ3པའི་ཚེས20ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་པེ་ཅིན་ནས་གྲོལ་བ་དང་། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཀྲུའུ་ཞིའི་སྟེགས་བུའི་སྟེང་བཞུགས་ཡོད།

d5e415f7ce52887084d251e53cd60bef.jpg

ཟླ3པའི་ཚེས20ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་པེ་ཅིན་ནས་གྲོལ་བ་དང་།  ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་འགོ་འཛིན་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོས་གྲོས་རིམ་སྣ་ཚོགས་ཡོངས་འགྲུབ་བྱས་པ་དང་སྐབས་གསར་བའི་རྒྱལ་ཁབ་ལས་ཁུངས་ཀྱི་ཁོངས་མི་བདམས་ཐོན་བྱུང་རྗེས། ཚེས20ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོལ།

ཚོགས་ཆེན་གྱིས་ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་དེ་ལག་བསྟར་བྱེད་པ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་དང་ཐེངས་གཉིས་པ། ཐེངས་གསུམ་པ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དངོས་འབེབས་བྱེད་དགོས་ལ། སེམས་ཤུགས་གཅིག་སྒྲིལ་དང་དཀའ་སྤྱད་འབད་བརྩོན་བྱས་ནས་ཐེངས་འདིའི་གྲོས་ཚོགས་ནས་གཏན་ལ་ཕབ་པའི་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རླབས་ཆེན་རྒྱལ་ཁ་ལེན་པ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་དགོས་པའི་འབོད་སྐུལ་བཏང་།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཐོག་ཏུ་གསུང་བཤད་གལ་ཆེན་གནང་།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་དང་། ཨུ་ཡོན་ཀྲང་གཞོན་པ། དྲུང་ཡིག་ཆེན་མོ་བཅས་ཀྱིས་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞིའི་འགན་འཁུར་བར་མ་ཟད་ཀྲུའུ་ཞིའི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད། ཁོ་ཚོ་ནི་ལིས་ཀྲན་ཧྲུའུ་དང་ཝང་ཁྲིན། ཚའོ་ཅན་མེན། ཀྲང་ཁྲུན་ཞན། ཧྲིན་ཡེའོ་ཡེའོ། ཅི་པེན་ཞོན། ཨེ་ལིས་ཀིན་དབྱི་མེན་པ་ཧེ། ཝན་ཨི་ཞང་། ཁྲིན་ཀྲུའུ། ཝང་ཏུང་མེན། པད་མ་འཕྲིན་ལས། ཏེན་ཀྲུང་ལིས། ཧའོ་མེན་ཅིན། ཚེ་ཏ་ཧྥུན། ཝུའུ་ཝེ་ཧྭ། དབྱང་ཀྲིན་ཝུའུ་བཅས་རེད།

ཞི་ཅིན་ཕིང་དང་ལིས་ཁི་ཆང་། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་གྲོས་ཚོགས་ལ་ཞུགས།

ཀྲང་ཏི་ཅང་དང་ཡུས་ཀྲིན་ཧྲིན། ཀྲང་ཀའོ་ལིས་སོགས་ཀྲུའུ་ཞིའི་སྟེགས་བུའི་སྟེང་བཞུགས་ཡོད།

གྲོས་ཚོགས་ལ་འཐུས་མི་སྟོང་གཉིས་དང་དགུ་བརྒྱ་བརྒྱད་ཅུ་ཞུགས་དགོས་པ་དང་། ཉིན་དེའི་གྲོས་ཚོགས་ལ་འཐུས་མི་སྟོང་གཉིས་དང་དགུ་བརྒྱ་རེ་གཉིས་ཞུགས་པས་བཅའ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་མི་གྲངས་དང་མཐུན།

ཚོགས་ཆེན་གྲོལ་བའི་མཛད་སྒོར་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་འགོ་འཛིན་མཛད།

ཉིན་དེའི་སྔ་དྲོའི་དུས་ཚོད་དགུའི་སྟེང་ལིས་ཀྲན་ཧྲུའུ་ཡིས་གྲོས་ཚོགས་འགོ་བརྩམས་པ་ཁྱབ་སྒྲོག་མཛད།

ཚོགས་ཐོག་ནས་བརྡས་ཐག་བཅད་དེ་སྲིད་གཞུང་བྱ་བའི་སྙན་ཞུ་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་། གྲོས་ཆོད་ནང་དུ་གྲོས་ཚོགས་ནས་འདས་པའི་ལོ་ལྔའི་རིང་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་བླངས་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་བྱུང་བའི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ལ་གདེང་འཇོག་མཐོན་པོ་གནང་བ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འདས་པའི་ལོ་ལྔའི་བྱ་བར་ཁས་ལེན་གང་ལེགས་བྱས་ཤིང་། སྙན་ཞུའི་ནང་བཏོན་པའི་ཉིས་སྟོང་བཅོ་བརྒྱད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་རེ་བ་དང་སྲིད་ཇུས་ཀྱི་ཁ་ཕྱོགས། སྲིད་གཞུང་བྱ་བའི་ཐད་ཀྱི་གྲོས་གཞི་བཅས་ལ་འཐད་པ་བྱུང་བས། སྙན་ཞུ་དེར་ཆོག་མཆན་འགོད་རྒྱུའི་ཐག་བཅད་པ་ཡིན་ཞེས་བཀོད་ཡོད།

ཚོགས་ཐོག་ནས་བརྡས་ཐག་བཅད་དེ་ལྟ་ཞིབ་བཅའ་ཁྲིམས་ལ་གྲོས་འཆམ་བྱུང་བ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་ཁྱབ་གསུམ་པའི་སྟེང་མིང་བཀོད་ནས་ཁྱབ་སྒྲོག་བྱས།

ཚོགས་ཐོག་ནས་བརྡས་ཐག་བཅད་དེ་ཉིང་སྟོང་བཅུ་བདུན་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་བྱས་པའི་གནས་ཚུལ་དང་ཉིས་སྟོང་བཅོ་བརྒྱད་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་ཞིང་། ཉིང་སྟོང་བཅུ་བདུན་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་བྱས་པའི་གནས་ཚུལ་དང་ཉིས་སྟོང་བཅོ་བརྒྱད་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་འཆར་ཟིན་སྐོར་གྱི་སྙན་ཞུ་ལ་ཆོག་མཆན་འགོད་རྒྱུ་ཐག་བཅད་པ་དང་། ཉིང་སྟོང་བཅོ་བརྒྱད་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལ་ཆོག་མཆན་བཀོད་ཅིང་བརྡས་ཐག་བཅད་དེ་ཉིང་སྟོང་བཅུ་བདུན་ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ་དང་ཉིས་སྟོང་བཅོ་བརྒྱད་ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་དང་། ཉིས་སྟོང་བཅུ་བདུན་ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ་དང་ཉིས་སྟོང་བཅོ་བརྒྱད་ལོའི་ཀྲུང་དབྱང་དང་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་ཞུ་ལ་ཆོག་མཆན་འགོད་རྒྱུ་ཐག་བཅད་པར་མ་ཟད་ཉིས་སྟོང་བཅོ་བརྒྱད་ལོའི་ཀྲུང་དབྱང་སྔོན་རྩིས་ལ་ཆོག་མཆན་བཀོད།

ཚོགས་ཐོག་ནས་བརྡས་ཐག་བཅད་དེ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་སྐོར་གྱི་གྲོས་ཆོད་དང་ཆེས་མཐོ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ་སྐོར་གྱི་གྲོས་ཆོད། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་སྐོར་གྱི་གྲོས་ཆོད་བཅས་ལ་གྲོས་འཆམ་བྱུང་བར་མ་ཟད་སྙན་ཞུ་དེ་གསུམ་ལ་ཆོག་མཆན་འགོད་རྒྱུ་ཐག་བཅད།

གོང་གི་གྲོས་རིམ་སྣ་ཚོགས་ཡོངས་འགྲུབ་བྱས་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་མི་དམངས་ནི་རླབས་ཆེན་གྱི་གསར་སྐྲུན་སྙིང་སྟོབས་ལྡན་པའི་མི་དམངས་ཡིན་པས། ཀྲུང་གོ་མི་དམངས་དུང་ཕྱུར་བཅུ་གསུམ་གྱིས་དུས་དང་རྣམ་པ་ཀུན་ཏུ་རླབས་ཆེན་གྱི་གསར་སྐྲུན་སྙིང་སྟོབས་དར་སྤེལ་བྱས་ན། ང་ཚོས་མི་ཡུལ་གྱི་ངོ་མཚར་རབ་དང་རིམ་པ་ཅིས་ཀྱང་གསར་སྐྲུན་བྱེད་ཐུབ་ངེས་ཡིན། ཀྲུང་གོ་མི་དམངས་ནི་རླབས་ཆེན་གྱི་འབད་འཐབ་སྙིང་སྟོབས་ལྡན་པའི་མི་དམངས་ཡིན་པས། ཀྲུང་གོ་མི་དམངས་དུང་ཕྱུར་བཅུ་གསུམ་གྱིས་དུས་དང་རྣམ་པ་ཀུན་ཏུ་རླབས་ཆེན་གྱི་འབད་འཐབ་སྙིང་སྟོབས་དར་སྤེལ་བྱས་ན། ང་ཚོས་མི་དམངས་ཀྱི་འཚོ་བ་སྔར་ལས་མཛེས་སྡུག་ལྡན་པར་བྱེད་པའི་རླབས་ཆེན་དམིགས་འབེན་ཅིས་ཀྱང་མངོན་འགྱུར་བྱེད་ཐུབ་ལ། ཀྲུང་གོ་མི་དམངས་ནི་རླབས་ཆེན་གྱི་མཐུན་སྒྲིལ་སྙིང་སྟོབས་ལྡན་པའི་མི་དམངས་ཡིན་པས། ཀྲུང་གོ་མི་དམངས་དུང་ཕྱུར་བཅུ་གསུམ་གྱིས་དུས་དང་རྣམ་པ་ཀུན་ཏུ་རླབས་ཆེན་གྱི་མཐུན་སྒྲིལ་སྙིང་སྟོབས་དར་སྤེལ་བྱས་ན། ང་ཚོས་སྤོབས་པ་ཆེར་བསྐྱེད་སྒོས་མདུན་སྐྱོད་བྱེད་པ་དང་བརྟན་ཞིང་འགྱུར་བ་མེད་པའི་སྟོབས་ཤུགས་ཆེན་པོ་ཅིས་ཀྱང་ཆགས་པར་བྱེད་ཐུབ་པ་དང་། ཀྲུང་གོ་མི་དམངས་ནི་རླབས་ཆེན་གྱི་ཕུགས་འདུན་སྙིང་སྟོབས་ལྡན་པའི་མི་དམངས་ཡིན་པས། ཀྲུང་གོ་མི་དམངས་དུང་ཕྱུར་བཅུ་གསུམ་གྱིས་དུས་དང་རྣམ་པ་ཀུན་ཏུ་རླབས་ཆེན་གྱི་ཕུགས་འདུན་སྙིང་སྟོབས་དར་སྤེལ་བྱས་ནས། ང་ཚོས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཅིས་ཀྱང་མངོན་འགྱུར་བྱེད་ཐུབ་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མི་དམངས་ལ་ཡིད་ཆེས་ཡོད་ན་གཞི་ནས་རྒྱལ་ཁབ་ལ་མ་འོངས་པ་ཡོད་ལ་སྟོབས་ཤུགས་ཀྱང་ཡོད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་ཞུགས་ཟིན་པས། ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་ཀྲུང་གོ་མི་དམངས་ལ་སྔར་ལས་ལྷག་པའི་ཡིད་ཆེས་ཆེན་པོ་དང་རང་རྩིས་ཆེན་པོ། རང་སྟོབས་ཆེན་པོ་བཅས་ལྡན། གནའ་དེང་ཟུང་སྦྲེལ་གྱི་ཤར་ཕྱོགས་ཀྱི་རྒྱལ་ཁབ་ཆེན་པོ་ཀྲུང་གོར་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་དགེ་མཚན་ཁྲི་སྟོང་མང་པོས་ཡོངས་སུ་བརྒྱན་ཡོད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་དང་གཞུང་ལུགས། ལམ་ལུགས། རིག་གནས་བཅས་ལ་གསོན་ཤུགས་གསར་བས་བརྟས་ཡོད་པ་དང་། ཀྲུང་གོ་འཛིན་མའི་ཁྱོན་ཡོངས་ཀུན་ཏུ་བྱས་རྗེས་ངོ་མཚར་ཅན་མང་པོས་བར་མེད་དུ་ཁྱབ་བཞིན་ཡོད། ང་ཚོ་མ་འོངས་པར་ཡིད་ཆེས་ཆེན་པོས་ཁེངས་ཡོད། ང་ཚོས་རང་རྒྱལ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཁ་ཕྱོགས་གསར་བར་བསྟུན་པ་དང་། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་འགྱུར་ལྡོག་དང་དམ་པོར་སྦྲེལ་བ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ། མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ། ཏིན་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ། ཚན་རིག་གི་འཕེལ་རྒྱས་ལྟ་བ། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་བཅས་མཛུབ་སྟོན་དུ་བཟུང་ནས། བརྟན་འཇགས་ཀྱི་ཁྲོད་ནས་འཕེལ་རྒྱས་ལ་བརྩོན་པའི་ལས་དོན་གྱི་སྤྱིའི་གདངས་དབྱངས་གཙོ་བོ་རྒྱུན་འཁྱོངས་བྱེད་དགོས། མི་དམངས་སྲོག་ཤིང་ཡིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱེད་པ་དང་། རླབས་ཆེན་འཐབ་རྩོད་དང་རླབས་ཆེན་བཟོ་སྐྲུན། རླབས་ཆེན་ལས་དོན་བཅས་ལ་གཅིག་འདོམས་བྱེད་པ། ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་གཅིག་གྱུར་གྱིས་ལག་བསྟར་བྱེད་པ་དང་། ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་སྒོས་ལག་བསྟར་བྱས་ཏེ། ཧུར་བརྩོན་ཆེན་པོས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་རྣམ་པ་གསར་བ་བཏོད་དགོས་།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ང་ཚོ་འཚོ་ཞིང་གནས་སའི་འཇིག་རྟེན་ནི་རེ་བས་ཁེངས་ཡོད་ཅིང་འགྲན་རྩོད་ཀྱིས་ཕྱུག་ཡོད། ཀྲུང་གོ་མི་དམངས་ལ་གནའ་ནས་ད་ལྟའི་བར་དུ་དྲང་བདེན་གྱི་འདུ་ཤེས་དྲག་པོ་དང་སྙིང་རྗེ་ཆེན་པོ་ལྡན་པས། རང་ཉིད་ཀྱི་འདུན་ལམ་དང་ལས་དབང་ཚང་མ་རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་མདུན་ལམ་དང་ལས་དབང་ལ་དམ་དུ་སྦྲེལ་ཡོད་ཅིང་། ཐོག་མཐའ་བར་གསུམ་ཀུན་ཏུ་རང་ཉིད་ཀྱི་སྟོབས་ཤུགས་གང་ཡོད་རྩལ་དུ་བཏོན་ནས་མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ལ་བྱས་རྗེས་འཇོག་འདོད་ཡོད། ཀྲུང་གོས་མུ་མཐུད་དུ་ཞི་བདེ་དང་འཕེལ་རྒྱས། མཉམ་ལས། གཉིས་རྒྱལ་བཅས་ཀྱི་དར་ཆ་མཐོན་པོར་སྒྲེང་ནས། ཐོག་མཐའ་བར་གསུམ་ཀུན་ཏུ་ཞི་བདེ་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་སྐྱོད་པ་དང་། གཉིས་ཕན་མཉམ་རྒྱལ་གྱི་སྒོ་འབྱེད་འཐབ་ཇུས་ལག་བསྟར་བྱས་ནས། འཛམ་གླིང་ཡོངས་ལ་ཀྲུང་གོའི་ཤེས་རབ་དང་ཀྲུང་གོའི་ཐབས་ཇུས། ཀྲུང་གོའི་སྟོབས་ཤུགས་བཅས་འབུལ་རྒྱུ་ཡིན་ལ། ཡུན་རིང་ཞི་བདེ་དང་ཡོངས་ཁྱབ་བདེ་འཇགས། མཉམ་དུ་འཕེལ་རྒྱས་སུ་འགྲོ་བ། སྒོ་འབྱེད་བཟོད་སྒོམ། དག་གཙང་མཛེས་སྡུག་བཅས་ཀྱི་འཛམ་གླིང་བསྐྲུན་པར་སྐུལ་འདེད་བཏངནས། མིའི་རིགས་ཀྱི་ལས་དབང་གཅིག་པའི་ཚོགས་པ་བསྐྲུན་པའི་ཉི་འོད་འཛམ་གླིང་ཡོངས་ལ་འཕྲོ་བར་བྱེད་རྒྱུ་ཡིན།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་རྩ་བའི་ཁྱད་ཆོས་ཡིན་པ་དང་། ཀྲུང་གོ་གུང་ཁྲན་ཏང་ནི་རྒྱལ་ཁབ་ཀྱི་ཆེས་མཐོའི་ཆབ་སྲིད་འགོ་ཁྲིད་སྟོབས་ཤུགས་ཡིན་ལ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་གཞི་རྩའི་ཁག་ཐེག་ཀྱང་ཡིན། རྒྱལ་ཡོངས་ཀྱི་ཏང་ཁག་སོ་སོ་དང་ཚོགས་པ་སོ་སོ། མི་རིགས་སོ་སོ། རིམ་པ་སོ་སོ། སྡེ་ཁག་སོ་སོའི་མི་སྣ་ཚང་མ་ཏང་ཀྲུང་དབྱང་གི་ཉེ་འཁོར་ནས་མཐུན་སྒྲིལ་གཅིག་གྱུར་བྱས་ཏེ། འདུ་ཤེས་བཞི་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། ཡིད་ཆེས་བཞི་སྔར་ལས་ཇེ་བརྟན་དུ་གཏོང་དགོས་པར་མ་ཟད། མི་བརྒྱ་སེམས་གཅིག་གི་སྒོ་ནས་མུ་མཐུད་དུ་མདུན་སྐྱོད་བྱེད་དགོས། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ལ་སྣེ་ཁྲིད་དེ་སྤྱི་ཚོགས་བཅོས་སྒྱུར་བྱེད་པའི་རླབས་ཆེན་ལོ་རྒྱུས་འགན་འཁྲི་ཕྲག་ཏུ་ལེན་དགོས་ན། ངེས་པར་དུ་རང་ཉིད་བཅོས་སྒྱུར་བྱེད་ཕོད་པ་དང་། སྤྱིའི་ཆེད་དུ་ཏང་འཛུགས་པ་དང་དམངས་ཀྱི་ཆེད་དུ་སྲིད་འཛིན་པའི་ལངས་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་དང་། རུལ་སུངས་ཀྱི་སྣང་ཚུལ་མི་ལེགས་པ་ཚང་མ་གཙང་སེལ་བྱེད་དགོས། ཐོག་མཐའ་བར་གསུམ་ཀུན་ཏུ་མི་དམངས་དང་གཅིག་སེམས་གཅིག་སྦྲེལ་དང་། མི་དམངས་དང་སྐྱིད་སྡུག་མཉམ་མྱོང་། མི་དམངས་དང་མཐུན་སྒྲིལ་འཐབ་རྩོད་བཅས་བྱས་ཏེ། དུས་རྟག་ཏུ་མར་ཁེ་སི་རིང་ལུགས་ཀྱི་སྲིད་འཛིན་ཏང་གཤིས་རྒྱུན་འཁྱོངས་བྱེད་པ་དང་དུས་རྟག་ཏུ་དུས་རབས་ཀྱི་སྔུན་གྲས་སུ་བསྐྱོད་པ། དུས་རྟག་ཏུ་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་སེམས་རྟེན་གཙོ་བོར་འགྱུར་བ་བཅས་བྱེད་དགོས་ཟེར། 

དེའི་རྗེས་སུ་ལིས་ཀྲན་ཧྲུའུ་ཡིས་གསུང་བཤད་གནང་སྟེ། ཁོ་རང་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་ཧ་ཅང་འཐད་པ་དང་བློ་བརྟན་འགྱུར་མེད་སྒོས་གོང་བཀུར་བྱེད་པའི་ཚུལ་བསྟན། ཁོང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་བརྩོན་སེམས་ཆེ་རུ་བསྐྱེད་ཡོད་པ་དང་། ང་ཚོ་ཚང་མ་མི་ཁྲི་སེམས་གཅིག་སྒོས་རེ་བས་ཁེངས་པའི་མ་འོངས་པར་སྐྱོད་པར་སྐུལ་མ་ཆེན་པོ་ཐེབས་ངེས་ཟེར། ཁོང་གིས་གསུངས་རྒྱུར། བློ་མཐུན་ཞི་ཅིན་ཕིང་ལ་འདེམ་ཤོག་ཡོངས་རྫོགས་ཐོབ་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ལ་བདམས་པ་ནི་རྒྱལ་ཡོངས་ཀྱི་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་སྟོང་གསུམ་ལྷག་གི་ཐུན་མོང་གི་འདོད་བློ་ཡིན་ལ། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་དུང་ཕྱུར་བཅུ་གསུམ་ལྷག་གི་ཐུན་མོང་གི་རེ་འདུན་ཡང་ཡིན། བློ་མཐུན་ཞི་ཅིན་ཕིང་ནི་ཏང་ཡོངས་ཀྱིས་གོང་བཀུར་བྱེད་པ་དང་མི་དམངས་ཀྱིས་དགའ་ཞེན་བྱེད་པ། ཆེས་འོས་ཤིང་འཚམ་པའི་་ཏང་གི་སྲོག་ཤིང་དང་། དམག་དཔུང་གི་སྤྱི་ཁྱབ་བཀོད་འདོམས་པ། མི་དམངས་ཀྱི་གཙོ་འཛིན་བཅས་ཡིན་པར་མ་ཟད། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་ཁ་ལོ་སྒྱུར་མཁན་དང་མི་དམངས་ཀྱི་ལམ་སྟོན་པའང་ཡིན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག  ཀྲུང་གོ་མི་དམངས་ལ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཡིད་ཆེས་དང་ནུས་པ་ཡོད།

ལིས་ཀྲན་ཧྲུའུ་ཡིས་གསུངས་རྒྱུར། ཐེངས་འདིའི་ཚོགས་ཆེན་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བསྐྱར་དར་མཐོན་པོར་སྒྲེང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པའི་ཚོགས་ཆེན་ཞིག་ཡིན་ལ། དམངས་གཙོ་དང་མཐུན་སྒྲིལ། དངོས་གཉེར། ཧུར་བརྩོན་བཅས་ཀྱི་ཚོགས་ཆེན་ཞིག་ཀྱང་ཡིན་ཟེར། ཁོང་གིས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ། བློ་མཐུན་ཀྲང་ཏི་ཅང་དང་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མི་སྣ་ཡོངས་དང་། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་བཅས་ལ་བླ་ན་མེད་པའི་གུས་འདུད་ཞུས།

ལིས་ཀྲན་ཧྲུའུ་ཡིས་གསུངས་རྒྱུར། ཐེངས་འདིའི་ཚོགས་ཆེན་སྟེང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་བདམས་ཐོན་བྱུང་བར་མ་ཟད། ང་རང་ཨུ་ཡོན་ཀྲང་ལ་བདམས་པ་ནི་འཐུས་མི་རྣམ་པའི་ཡིད་ཆེས་ཡིན། ང་ཚོས་ལས་འགན་གཟི་བརྗིད་ལྡན་ཞིང་འགན་འཁྲི་ཧ་ཅང་གལ་ཆེ་བ་ཤེས་ཡོད་ལ། ང་ཚོས་འཐུས་མི་ཡོངས་དང་མཉམ་དུ་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་བློ་བརྟན་འགྱུར་མེད་སྒོས་ལག་ལེན་མཐར་ཕྱིན་བྱེད་པ་དང་། མི་དམངས་ཀྱི་ཁེ་ཕན་ལ་བློ་བརྟན་འགྱུར་མེད་སྒོས་སྲུང་སྐྱོབ་བྱེད་པ། རྩ་ཁྲིམས་དང་ཁྲིམས་ལུགས་ཀྱིས་གནང་བའི་འགན་འཁྲི་སྣ་ཚོགས་བློ་བརྟན་འགྱུར་མེད་སྒོས་ལག་བསྟར་བྱེད་པ་བཅས་བྱས་ནས། རང་འགན་འབད་སྒྲུབ་དང་བྱ་བ་ནན་སྒྲུབ་བྱས་ཏེ། ངེས་པར་དུ་འཐུས་མི་རྣམ་པའི་མངགས་བཅོལ་ནན་མོ་སྟོང་ཟད་དུ་མི་གཏོང་ཟེར།

ལིས་ཀྲན་ཧྲུའུ་ཡིས་གསུངས་རྒྱུར། རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་གཞི་རྩའི་བཅའ་ཁྲིམས་ཡིན་པས། དེར་ཆེས་མཐོའི་བཅའ་ཁྲིམས་ཀྱི་གོ་གནས་དང་བཅའ་ཁྲིམས་ཀྱི་དབང་ཟིལ། བཅའ་ཁྲིམས་ཀྱི་ནུས་པ་བཅས་ལྡན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ངེས་པར་དུ་རྩ་ཁྲིམས་ཀྱིས་གཏན་ལ་ཕབ་པའི་རྒྱལ་ཁབ་ཀྱི་མཛུབ་སྟོན་བསམ་བློ་རྒྱུན་འཁྱོངས་བྱེད་པར་གཡོ་འགུལ་མི་བྱེད་པ་དང་། ངེས་པར་དུ་རྩ་ཁྲིམས་ཀྱིས་གཏན་ལ་ཕབ་པའི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་གོ་གནས་རྒྱུན་འཁྱོངས་བྱེད་པར་གཡོ་འགུལ་མི་བྱེད་པ། ངེས་པར་དུ་རྩ་ཁྲིམས་ཀྱིས་གཏན་ལ་ཕབ་པའི་རྒྱལ་ཁབ་ཀྱི་གཞི་རྩའི་ལས་འགན་དང་འཕེལ་རྒྱས་བགྲོད་ལམ། འབད་འཐབ་དམིགས་འབེན་བཅས་རྒྱུན་འཁྱོངས་བྱེད་པར་གཡོ་འགུལ་མི་བྱེད་པ། རྩ་ཁྲིམས་ཀྱིས་གཏན་ལ་ཕབ་པའི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་རྒྱལ་ཁབ་སྒྲིག་གཞི་དང་མི་དམངས་དམངས་འཐུས་ཚོགས་ཆེན་ལམ་ལུགས་ཀྱི་ཆབ་སྲིད་སྒྲིག་གཞི་རྒྱུན་འཁྱོངས་བྱེད་པར་གཡོ་འགུལ་མི་བྱེད།

ལིས་ཀྲན་ཧྲུའུ་ཡིས་གསུངས་རྒྱུར། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་དབྱར་མཚོ་རྒྱས་པ་བཞིན་དུ་གོང་འཕེལ་དུ་འགྲོ་བ་དེས་དམངས་འཐུས་ཚོགས་ཆེན་གྱི་བྱ་བར་རེ་བ་སྔར་ལས་མཐོན་པོ་བཏོན་པས། འགན་འཁྲིར་ངོས་འཛིན་གསལ་བོ་བྱེད་པ་དང་། བྱ་བར་འབད་བརྩོན་བྱས་ནས། དུས་རབས་གསར་བར་དམངས་འཐུས་ཚོགས་ཆེན་གྱི་ལམ་ལུགས་ཡུན་རིང་དུ་རྒྱུན་འཁྱོངས་བྱེད་པ་དང་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བའི་མཆོག་གྱུར་འགན་འཁྲི་དངོས་སུ་ཕྲག་ཏུ་འཁུར་དགོས། འདུ་ཤེས་བཞི་ཇེ་དྲག་ཏུ་བཏང་སྟེ། རང་རྟོགས་སྒོས་ཏང་གི་འགོ་ཁྲིད་དམངས་འཐུས་ཚོགས་ཆེན་གྱི་བྱ་བ་ཧྲིལ་བོར་སྦྲེལ་དགོས། ཁྲིམས་ལྟར་ཁྲིམས་འཛུགས་དབང་ཆ་དང་ལྟ་སྐུལ་དབང་ཆ། ཐག་གཅོད་དབང་ཆ། བསྐོ་འཐེན་དབང་ཆ་བཅས་ལག་བསྟར་བྱས་ནས། ཏང་དང་མི་དམངས་ཀྱིས་གནང་བའི་གཟི་བརྗིད་ལས་འགན་ལག་བསྟར་ནན་མོ་བྱེད་དགོས། དམངས་འཐུས་ཚོགས་ཆེན་གྱི་ནུས་པ་སྔར་ལས་འདོན་སྤེལ་བྱས་ནས། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནི་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་གནང་བའི་འགན་འཁྲི་སྣ་ཚོགས་ཁྱོན་ཡོངས་ནས་ཕྲག་ཏུ་ལེན་པའི་བྱ་བའི་ལས་ཁུངས་ཤིག་ཏུ་བསྒྱུར་བ་དང་། མི་དམངས་མང་ཚོགས་དང་འབྲེལ་འདྲིས་དམ་པོ་བྱེད་པའི་མཚོན་བྱེད་ལས་ཁུངས་ཤིག་ཏུ་བསྒྱུར་དགོས་ཟེར།

ཀྲུའུ་ཞིའི་སྟེགས་བུའི་སྟེང་དུ་བཞུགས་མཁན་ལ་ད་རུང་ཏིན་ཞེའོ་ཞང་དང་ལིག་ཧི། ཞུའུ་ཆི་ལེང་། སུན་ཁྲུན་ལན། ལིས་ཞི། ལིས་ཆང་། ལིས་ཧུང་ཀྲུང་། དབྱང་ཅེ་ཁྲི། དབྱང་ཞའོ་ཏུའུ། ཀྲང་ཡུག་ཞ། ཁྲིན་ཞི། ཁྲིན་ཆོན་གོ། ཁྲིན་མེན་ཨར། ཧུའུ་ཁྲུན་ཧྭ། གོ་ཧྲིན་ཁུན། ཧོང་ཁུན་མེན། ཚེ་ཆི། ཡུག་ཆོན་བཅས་ཡོད།

ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ལིན་ཀྲིན་ཡེའོ་ཨི་དང་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ཚོས་ཧྲི་ཨན་གྲོས་ཚོགས་སུ་ཟུར་དུ་ཞུགས་པར་མ་ཟད་ཀྲུའུ་ཞིའི་སྟེགས་བུའི་སྟེང་དུ་བཞུགས།

ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་བཅིངས་འགྲོལ་དམག་གི་འབྲེལ་ཡོད་ལས་ཁུངས། མི་དམངས་ཚོགས་པ་སོ་སོའི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་པ་བཅས་གྲོས་ཚོགས་སུ་ཟུར་ཞུགས་བྱས་པ་དང་ཡང་ན་ཟུར་ཉན་བྱས།

ཀྲུང་གོར་སྡོད་པའི་རྒྱལ་ཁབ་སོ་སོའི་གཞུང་ཚབ་ཆེན་མོས་ཚོགས་ཆེན་ལ་ཟུར་ཉན་བྱས།

སྔ་དྲོའི་དུས་ཚོད་བཅུ་དང་སྐར་མ་ཉི་ཤུ་ཡས་མས་སུ། ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་ནས་གྲོལ།

ཚེས་ཉི་ཤུ་ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་འཐུས་མི་ཡོངས་ལ་མཇལ་འཕྲད་གནང་བ་དང་ཁོ་ཚོ་དང་མཉམ་དུ་དྲན་རྟེན་གྱི་པར་བླངས།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།