ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་གི་གསུང་བཤད།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2018-03-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་གི་གསུང་བཤད།

(2018ལོའི་ཟླ3པའི་ཚེས20ཉིན)    

ལི་ཀྲན་ཧྲུའུ་ཡིས།

res01_attpic_brief.jpg

ཟླ3པའི་ཚེས20ཉིན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་མཇུག་འགྲིལ་ཚོགས་འདུ་འཚོགས་ཤིང་། འདི་ནི་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་མཇུག་འགྲིལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་སྦྲགས་གསུང་བཤད་ཀྱང་གནང་བའི་གནས་ཚུལ་ཡིན་པ།

འཐུས་མི་རྣམ་པ།

ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་ངས་རྦད་དེ་མོས་མཐུན་དང་མཐའ་གཅིག་ཏུ་བརྩི་བཀུར་ཞུ་རྒྱུ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ངར་ཤུགས་འཕེལ་ངེས་ཡིན་ལ། ང་ཚོ་མི་ཁྲི་སེམས་གཅིག་གིས་རྒྱལ་ཁའི་ངང་རེ་བས་ཁེངས་པའི་འབྱུང་འགྱུར་གྱི་ཕྱོགས་སུ་འགྲོ་རྒྱུར་སྐུལ་མ་ཐེབས་ངེས་རེད།

འཐུས་མི་རྣམ་པ།

ད་རེས་ཀྱི་ཚོགས་འདུའི་ཐོག་བློ་མཐུན་ཞི་ཅིན་ཕིང་སྤ་སེ་ཆ་ཚང་གི་ཐོག་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་ཐོན་བྱུང་བ་དེ་ནི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་3000ལྷག་ཙམ་གྱི་ཐུན་མོང་གི་འདུན་པ་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དུང་ཕྱུར་13ལྷག་ཙམ་གྱི་ཐུན་མོང་གི་རེ་འདུན་རེད། བློ་མཐུན་ཞི་ཅིན་ཕིང་ནི་ཏང་ཡོངས་ཀྱི་བརྩི་བཀུར་ཐོབ་པ་དང་། མི་དམངས་ཀྱི་དགའ་གཅེས་ཐོབ་པ། ངོ་གནོང་མི་དགོས་པའི་ཏང་གི་སྲོག་ཤིང་དང་། དཔུང་སྡེའི་དམག་སྤྱི། མི་དམངས་ཀྱི་གཙོ་འཛིན་རེད་ལ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་དེད་དཔོན་དང་མི་དམངས་ཀྱི་ལམ་སྟོན་པ་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་མཛུབ་ཁྲིད་འོག ཀྲུང་གོའི་མི་དམངས་ལ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་བྱེད་པའི་ཡིད་ཆེས་དང་ནུས་པ་རྦད་དེ་ཡོད།

འཐུས་མི་རྣམ་པ།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཚོགས་འདུའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་བ་རེད། ཚོགས་འདུའི་ཐོག་རྩ་ཁྲིམས་བཟོ་བཅོས་ཀྱི་བླ་ན་མེད་པའི་ལས་འགན་ལེགས་སྒྲུབ་བྱས་པ་དང་། ལྟ་ཞིབ་བཅའ་ཁྲིམས་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་སྒྱུར་བཅོས་ཇུས་གཞིར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ། སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་སྙན་སྒྲོན་གཞན་དག་ལ་གྲོས་ཞིབ་བྱས་ནས་ཆོག་མཆན་ཐོབ་པ། སྐབས་གསར་པའི་རྒྱལ་ཁབ་ལས་ཁུངས་ཀྱི་འགོ་ཁྲིད་མི་སྣ་འདེམས་བསྐོ་དང་བསྐོ་བཞག་བྱ་རྒྱུ་གཏན་འཁེལ་བྱུང་བ་རེད། འདི་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་ཚོགས་ཆེན་ཞིག་དང་དམངས་གཙོ་དང་། མཐུན་སྒྲིལ། བདེན་འཚོལ། འབད་འབུངས་བཅས་ཀྱི་ཚོགས་ཆེན་ཞིག་རེད།

འདས་ཟིན་པའི་ལོ་ལྔ་ཡི་རིང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲོད་འོག་དང་བློ་མཐུན་ཀྲང་ཏེ་ཅང་གི་གཙོ་སྐྱོང་འོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པ་དང་དེ་བཞིན་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་པ་དང་། ཏང་དང་མི་དམངས་ཀྱི་བྱ་གཞག་གི་དགོས་མཁོར་དམ་པོར་དམིགས་ནས་རང་འགན་གཙང་སྒྲུབ་དང་འགན་འཁྲི་འཁུར་ཕོད་པ་བྱས་པས། མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་གོམ་པ་གལ་ཆེན་སྤོས་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་མ་གཏོང་བར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། འདི་གར་ངས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པ་དང་དེ་བཞིན་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་བློ་མཐུན་ཀྲང་ཏེ་ཅང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཡོངས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་འཐུས་མི་བཅས་ལ་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན།

ད་རེས་ཀྱི་ཚོགས་ཆེན་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་འདེམས་བསྐོ་བྱས་ནས་ཐོན་པ་མ་ཟད། རང་ཉིད་ཨུ་ཡོན་ཀྲང་ལ་བདམས་ཐོན་བྱུང་བ་དེ་ནི་འཐུས་མི་རྣམ་པ་ཚོའི་ཡིད་ཆེས་ཤིག་ཡིན་པས། ང་ཚོར་འགན་འཁྲི་གཟི་བརྗིད་ཆེ་བ་དང་ལས་འགན་ལྕི་པོ་ཡིན་པའི་མྱོང་ཚོར་གཏིང་ཟབ་བྱུང་། ང་ཚོས་འཐུས་མི་ཡོངས་དང་མཉམ་དུ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལྷག་བསམ་རྣམ་དག་གིས་ལག་བསྟར་དང་། མི་དམངས་ཀྱི་ཁེ་ཕན་ལྷག་བསམ་རྣམ་དག་གིས་སྲུང་སྐྱོང་། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ཁག་ལྷག་བསམ་རྣམ་དག་གིས་ལག་བསྟར་བཅས་བྱས་ཏེ་འགན་འཁྲི་ནན་སྲུང་དང་ལས་ཀ་ཧུར་ཐག་བྱས་ནས་འཐུས་མི་ཚོའི་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་གཏན་ནས་གཏོང་གི་མིན།

འཐུས་མི་རྣམ་པ།

རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་གཞི་རྩའི་ཁྲིམས་ཆེན་རེད། དེར་ཆེས་མཐོ་ཤོས་ཀྱི་བཅའ་ཁྲིམས་ཀྱི་གནས་བབ་དང་། བཅའ་ཁྲིམས་ཀྱི་དབང་གྲགས། བཅའ་ཁྲིམས་ཀྱི་ནུས་པ་བཅས་ལྡན་ཡོད། རྩ་ཁྲིམས་ཏང་དང་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་དང་འབྲེལ་བ་དམ་ཟབ་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་དེ་བཞིན་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྩ་ཁྲིམས་ལ་ལྷག་བསམ་རྣམ་དག་དང་། རྩ་ཁྲིམས་ལ་བརྩི་སྲུང་། རྩ་ཁྲིམས་ལ་སྲུང་སྐྱོང་། རྩ་ཁྲིམས་ཀྱི་འགན་འཁྲི་ལག་བསྟར། རྩ་ཁྲིམས་ལག་བསྟར་འགན་ལེན་བཅས་བྱས་ཏེ་དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་འགྱུར་མེད་སྟོབས་ལྡན་གྱི་རྩ་ཁྲིམས་ཀྱི་འགན་ལེན་མཁོ་འདོན་བྱེད་དགོས།

ངེས་པར་དུ་རྩ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་རྒྱལ་ཁབ་ཀྱི་མཛུབ་ཁྲིད་དགོངས་པར་གཡོ་འགུལ་མི་གཏོང་བ་རྒྱུན་འཁྱོངས་བྱེད་དགོས། མཛུབ་ཁྲིད་དགོངས་པ་ནི་སྲིད་ཏང་གཅིག་དང་རྒྱལ་ཁབ་གཅིག་གི་བསམ་བློའི་དར་ཆ་རེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་རང་རེའི་ཏང་གིས་ཡུན་རིང་མཐའ་འཁྱོངས་བྱེད་པའི་མཛུབ་ཁྲིད་དགོངས་པ་རེད་ལ། རྩ་ཁྲིམས་བཟོ་བཅོས་འཆར་ཟིན་གྱིས་གཏན་འཁེལ་བྱས་པའི་རྒྱལ་ཁབ་ཀྱི་མཛུབ་ཁྲིད་དགོངས་པ་ཞིག་ཀྱང་རེད། ང་ཚོས་བློ་བརྟན་འགྱུར་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བ་དང་སྤྱི་ཚོགས་འཚོ་བའི་ཁྲོད་ལག་བསྟར་དོན་འཁྱོལ་བྱས་ནས། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་འབད་འཐབ་ཀྱི་ཐུན་མོང་གི་བསམ་བློའི་རྨང་གཞི་བརྟན་པོ་བཙུགས་ཏེ་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་ལག་ལེན་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུར་ཁྲིད་སྟོན་བྱེད་དགོས།

ངེས་པར་དུ་རྩ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཀྱི་གནས་བབ་ལ་གཡོ་འགུལ་མི་གཏོང་བ་རྒྱུན་འཁྱོངས་བྱེད་དགོས། ལོ་རྒྱུས་དང་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གདམ་ག་བྱས་པ་དང་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་ཏང་དང་མི་དམངས་ཀྱི་གཅིག་གྱུར་གྱི་འདོད་བློ་མཚོན་པའི་རྩ་ཁྲིམས་བཟོས་ཤིང་། མི་དམངས་ཀྱིས་རྩ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་ཏང་གི་འགོ་ཁྲིད་རང་རྟོགས་ངང་དང་ལེན་བྱེད་པ་དང་ཏང་རང་ངོས་ཀྱིས་ཀྱང་རྩ་ཁྲིམས་ཀྱི་ཁྱབ་ཁོངས་སུ་བྱེད་སྒོ་སྤེལ་བ་དེ་ནི་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པའི་ལོ་རྒྱུས་ཀྱི་གཏན་ཚིགས་དང་། ཆབ་སྲིད་ཀྱི་གཏན་ཚིགས། ཁྲིམས་གཞིའི་གཏན་ཚིགས་བཅས་རེད། 

ངེས་པར་དུ་རྩ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་རྒྱལ་ཁབ་ཀྱི་གཞི་རྩའི་ལས་འགན་དང་། འཕེལ་རྒྱས་ཀྱི་ལམ་བུ། འབད་འཐབ་ཀྱི་དམིགས་ཚད་བཅས་ལ་གཡོ་འགུལ་མི་གཏོང་བ་རྒྱུན་འཁྱོངས་བྱེད་དགོས། རང་རྒྱལ་རྩ་ཁྲིམས་ཀྱིས་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་བྱས་པའི་གྲུབ་འབྲས་ལ་ཁས་ལེན་གསལ་པོ་བྱས་པ་དེ་ནི་རྒྱལ་ཁབ་དང་མི་དམངས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་དུ་མདུན་སྐྱོད་བྱེད་པའི་གཞི་རྩའི་བཅའ་ཁྲིམས་ཀྱི་འགན་སྲུང་རེད། ང་ཚོས་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་བརྟན་དུ་བཏང་ནས་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོའི་འགྱུར་ལྡོག་ལ་བསྟུན་པ་དང་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྔར་བས་ལེགས་པར་བསྐངས་ཏེ་འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་སྐྲུན་པའི་ཕྱོགས་སུ་ཟམ་མི་ཆད་པར་སྐྱོད་དགོས།

ངེས་པར་དུ་རྩ་ཁྲིམས་ནང་གཏན་འཁེལ་བྱས་པའི་མི་དམངས་དམངས་གཙོ་སྲིད་དབང་སྒེར་འཛིན་གྱི་རྒྱལ་ཁབ་ཀྱི་ལམ་ལུགས་དང་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་སྲིད་དབང་གི་སྒྲིག་སྲོལ་ལ་གཡོ་འགུལ་མི་གཏོང་བ་མཐའ་འཁྱོངས་བྱེད་དགོས། ཀྲུང་གོ་གསར་པ་དབུ་བརྙེས་རྗེས་ཀྲུང་གོའི་མི་དམངས་ཚོས་རྒྱལ་ཁབ་འཕེལ་རྒྱས་དང་འགྱུར་ལྡོག་མྱུར་པོ་འགྲོ་རིང་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ལ་འགྲན་ཟླ་བྲལ་བའི་ཁྱད་འཕགས་རང་བཞིན་དང་གསོན་ཤུགས་ཆེན་པོ་ལྡན་པ་སྔར་བས་ངོས་འཛིན་གསལ་པོ་ཐུབ་ཡོད། ང་ཚོས་ངེས་པར་དུ་བློ་བརྟན་འགྱུར་མེད་ངང་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་ལེགས་ཆ་དང་ཁྱད་ཆོས་ཟམ་མི་ཆད་པར་སྔར་བས་འདོན་སྤེལ་གང་ལེགས་བྱེད་དགོས།

འཐུས་མི་རྣམ་པ།

ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་ཕྱིན་པ་དེས་མི་དམངས་འཐུས་ཚོགས་ལས་དོན་ལ་བླང་བྱ་གསར་པ་དེ་བས་མཐོ་བ་བཏོན་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པ་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་འགན་འཁྲི་ངོས་འཛིན་གསལ་པོ་དང་སྙིང་སྟོབས་ཆེར་སྐྱེད་ཀྱིས་ལས་དོན་བསྒྲུབས་ནས་དུས་རབས་གསར་པར་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཡུན་རིང་མཐའ་འཁྱོངས་དང་ཟམ་མི་ཆད་པར་འཐུས་ཚང་དུ་གཏོང་བའི་བླ་ན་མེད་པའི་འགན་འཁྲི་ཕྲག་ཏུ་ཏན་ཏིག་འཁུར་དགོས། ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་ཟབ་ཏུ་ཏན་ཏིག་བཏང་ནས་རང་རྟོགས་ངང་ཏང་གི་འགོ་ཁྲིད་མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་དགོས་པ་དང་། ལས་དོན་གལ་ཆེན་དང་དོན་གནད་གལ་ཆེན་མཐའ་དག་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ལ་དམིགས་ནས་སྤེལ་བ་དང་ཏང་གི་འགོ་ཁྲིད་འོག་སྒྲུབ་དགོས། ཁྲིམས་འཛུགས་ཀྱི་དབང་ཆ་དང་། ལྟ་སྐུལ་གྱི་དབང་ཆ། གཏན་འབེབས་ཀྱི་དབང་ཆ། བསྐོ་འཐེན་གྱི་དབང་ཆ་བཅས་ཁྲིམས་ལྟར་ལག་ལེན་བསྟར་ནས་འགན་འཁུར་ཕོད་པ་དང་། ལས་དོན་སྒྲུབ་མཁས་པ། ཏང་དང་མི་དམངས་ཀྱིས་དཀྲིས་པའི་གཟི་བརྗིད་ལས་འགན་ལག་ལེན་ཏན་ཏིག་བསྟར་དགོས། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་དམངས་ཀྱི་ཆེད་དུ་དབང་ཆ་སྤྱོད་པ་དང་། དམངས་ཀྱི་ཆེད་དུ་ལས་འགན་སྒྲུབ་པ། དམངས་ལ་ཞབས་འདེགས་ཞུ་བ་བཅས་བྱས་ཏེ་རང་རྟོགས་ངང་མི་དམངས་ཀྱི་ལྟ་སྐུལ་དང་ལེན་དང་མི་དམངས་འཐུས་མིའི་ནུས་པ་སྔར་བས་འདོན་སྤེལ་ཡག་པོ་བྱས་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་ལས་འགན་ཁག་ཕྱོགས་ཡོངས་ནས་འཁུར་ཐུབ་པའི་ལས་ཁུངས་ཤིག་ཏུ་འགྱུར་བ་དང་མི་དམངས་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པའི་འཐུས་ཚབ་ལས་ཁུངས་ཤིག་ཏུ་འགྱུར་བར་བྱེད་དགོས།

འཐུས་མི་རྣམ་པ།

ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ཡོད། ཀྲུང་ཧྭ་མི་རིགས་ཡར་ལངས་ནས་ཕྱུག་པོ་ཆགས་པ་ནས་སྟོབས་ཆེར་གྱུར་པའི་བར་གྱི་རླབས་ཆེའི་མཆོང་སྐྱོད་བྱུང་བ་ལས་ང་ཚོར་ཡར་སྐུལ་ཆེན་པོ་ཐེབས་ཡོད། རླབས་ཆེན་མེས་རྒྱལ་གྱིས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་ཕྱོགས་སུ་གོམ་ཞེང་ཆེན་པོས་སྐྱོད་པ་ལས་ང་ཚོར་སྤོབས་སེམས་ཆེན་པོ་སྐྱེ་ཡི་འདུག ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ། བསམ་བློ་གཅིག་མཐུན་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བཅས་བྱས་ནས་ད་ཐེངས་ཀྱི་ཚོགས་འདུའི་ཐོག་གཏན་འཁེལ་བྱས་པའི་ལས་འགན་ལེགས་སྒྲུབ་བྱ་ཆེད་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བཅས་ཀྱི་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།