ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་བརྒྱད་པ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

c92a82ae1e577bbc3689055aa7e9b15f.jpg

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཐེངས་བརྒྱད་པ་ཟླ་གསུམ་པའི་ཚེས་བཅུ་བདུན་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོ་ནས་བསྡུས། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལིས་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་འགོ་འཛིན་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཐེངས་བརྒྱད་པ་ཟླ3པའི་ཚེས17ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོ་ནས་བསྡུས།

ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལིས་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་འགོ་འཛིན་མཛད། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཁྲིན་ཞི་དང་ཝང་ཁྲིན། ཚའོ་ཅན་མེན། ཀྲང་ཁྲུང་ཞན། ཧྲིན་ཡེའོ་ཡེའོ། ཅི་པིན་ཞོན། ཨེ་ལི་ཀུན.དབྱི་མིན་པཱ་ཧྭེ། ཝན་ཨི་ཞང་། ཁྲིན་ཀྲུའུ་བཅས་གྲོས་ཚོགས་ལ་ཞུགས། གྲོས་ཚོགས་ལ་ཞུགས་དགོས་པའི་མི་བརྒྱ་དང་དགུ་བཅུ་ཡོད་པ་དང་། མི་བརྒྱ་དང་དགུ་བཅུ་དངོས་སུ་གྲོས་ཚོགས་སུ་ཞུགས་ལ། དེ་ཁྲིམས་བཀོད་མི་གྲངས་དང་མཐུན།

གསུམ་པའི་ཚེས་བཅུ་དྲུག་ཉིན་གྱི་སྔ་དྲོར། འཐུས་ཚབ་ཚོགས་པ་སོ་སོས་ལྟ་ཞིབ་བཅའ་ཁྲིམས་འཆར་ཟིན་གྱི་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་ནན་མོ་བྱས་པ་དང་། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་འཐུས་ཚབ་ཚོགས་པ་སོ་སོའི་གྲོས་ཞིབ་གྲོས་གཞི་གཞིར་བཟུང་ནས། འཆར་ཟིན་ལ་གྲོས་ཞིབ་བྱས་པ་དང་། འཆར་ཟིན་གྱི་གྲོས་གཞིའི་བརྡས་ཐག་གཅོད་པའི་མ་ཡིག་ཕྱིར་བཏོན།

ཚོགས་ཐོག་ནས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ལིས་ཧྥེ་ཡིས་ཕུལ་བའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ལྟ་ཞིབ་བཅའ་ཁྲིམས་འཆར་ཟིན་གྱི་བཟོ་བཅོས་འཆར་ཟིན་བཟོ་བཅོས་བྱེད་པའི་གྲོས་གཞི་སྐོར་གྱི་སྙན་ཞུ་ལ་ཉན། ཚོགས་ཐོག་ནས་བརྡས་ཐག་བཅད་དེ་སྙན་ཞུ་དེར་གྲོས་འཆམ་བྱུང་བ་དང་། ལྟ་ཞིབ་བཅའ་ཁྲིམས་འཆར་ཟིན་གྱི་གྲོས་གཞིའི་བརྡས་ཐག་གཅོད་པའི་མ་ཡིག་འཐུས་ཚབ་ཚོགས་པར་གྲོས་ཞིབ་བྱེད་དུ་འཇུག་རྒྱུ་ཐག་བཅད།

ཚེས་བཅུ་བདུན་ཉིན་གྱི་ཕྱི་དྲོར། འཐུབ་ཚབ་ཚོགས་པ་སོ་སོས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིས་ཀྱི་གདམ་མི་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་དང་ཨུ་ཡོན་བཅས་ཀྱི་གདམ་མིའི་ཐད་ནས་ནང་གྲོས་བྱས་པ་དང་། གདམ་མི་མིང་ཐོ་ལ་མཐའ་གཅིག་ཏུ་འཐད་པ་ཡིན་པའི་ཚུལ་བསྟན།

ཚོགས་ཐོག་ནས་སོ་སོར་བརྡས་ཐག་བཅད་པ་བརྒྱུད་དེ། གདམ་མིའི་མིང་ཐོ་དེ་གཉིས་ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་སྟེང་གཏན་ཁེལ་བྱས་ཏེ་འདེམས་བསྐོ་བྱེད་རྒྱུའི་ཐག་བཅད།

ཟླ་གསུམ་པའི་ཚེས་བཅུ་བདུན་ཉིན། ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཐེངས་བདུན་པའི་སྟེང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དང་ཆེས་མཐོ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་བཅས་ཀྱི་གདམ་མིའི་མིང་ཐོ་བཏོན་པ་དང་། འཐུས་ཚབ་ཚོགས་པ་སོ་སོས་ཚེས་བཅུ་བདུན་ཉིན་གྱི་ཕྱི་དྲོར་དེའི་ཐད་ནས་ནང་གྲོས་དང་གྲོས་མོལ་བྱས། འཐུས་མི་ཚོས་གདམ་མིའི་མིང་ཐོ་དེ་གསུམ་པོར་འཐད་པ་བྱུང་བའི་ཚུལ་བསྟན།

ཚོགས་ཐོག་ནས་སོ་སོར་བརྡས་ཐག་བཅད་པ་བརྒྱུད་དེ། གོང་གི་གདམ་མི་དེ་འདེམ་སྒུག་མི་སྣ་དངོས་སུ་བརྩིས་ནས། ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་སྟེང་འདེམས་བསྐོ་བྱེད་རྒྱུ་ཐག་བཅད།

ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཐེངས་བདུན་པའི་སྟེང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གདམ་མིའི་མིང་ཐོ་ཕྱིར་བཏོན་རྗེས། འཐུས་ཚབ་ཚོགས་པ་སོ་སོས་ཚེས་བཅུ་བདུན་ཉིན་གྱི་ཕྱི་དྲོར་ནང་གྲོས་དང་གྲོས་མོལ་བྱས་པ་དང་། འཐུས་མི་ཚོས་གདམ་མིའི་མིང་ཐོ་ལ་འཐད་པ་ཡིན་པའི་ཚུལ་བསྟན།

ཚོགས་ཐོག་ནས་བརྡས་ཐག་བཅད་པ་བརྒྱུད་དེ། གོང་གསལ་གྱི་གདམ་མི་དེ་འདེམ་སྒུག་མི་སྣ་དངོས་སུ་བརྩིས་ནས། ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་སྟེང་འདེམས་བསྐོ་བྱེད་རྒྱུའི་ཐག་བཅད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།