ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་པེ་ཅིན་ནས་གྲོལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

55c7f059f85b3719e550739449d0da5a.jpg

ཟླ3པའི་ཚེས15ཉིན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་པེ་ཅིན་ནས་གྲོལ། པར་འདི་ནི་ཞི་ཅིན་ཕིང་དང་ལིས་ཁི་ཆང་། ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ཀྲང་ཀའོ་ལིས། ལིས་ཀྲན་ཧྲུའུ། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན་བཅས་ཀྲུའུ་ཞིའི་སྟེགས་བུའི་སྟེང་དུ་བཞུགས་པའི་ཚུལ་རེད། 
 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོས་གྲོས་རིམ་སྣ་ཚོགས་ཕུན་སུམ་ཚོགས་པའི་ངང་ཡོངས་འགྲུབ་བྱས་རྗེས། ཚེས15ཉིན་གྱི་སྔ་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོལ། ཚོགས་ཐོག་ནས་མི་དམངས་སྲིད་གྲོས་ཀྱི་རིམ་པ་སོ་སོའི་རྩ་འཛུགས་དང་དེའི་ཁྲོད་ཞུགས་པའི་ལས་ཁུངས་སོ་སོ། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་བཅས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་པོ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། སེམས་ཤུགས་གཅིག་སྒྲིལ་བྱེད་པ་དང་བྱ་བ་བཟང་བོར་བསྒྲུབ་སྟེ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་བརྩོན་ལེན་བྱེད་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་དགོས་པའི་འབོད་སྐུལ་བཏང་།

སྔ་དྲོའི་དུས་ཚོད་དགུ་དང་སྐར་མ་སུམ་ཅུའི་སྟེང་མཇུག་བསྡུའི་གྲོས་ཚོགས་ཚོགས་འགོ་བརྩམས།

གྲོས་ཚོགས་ལ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་འགོ་འཛིན་མཛད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིན་ལིས་དང་ལིའུ་ཆི་པའོ། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཏུང་ཅན་ཧྭ། ཝན་ཀང་། ཧི་ཧུ་ཧྭ། ལུའུ་ཀྲན་ཀུང་། ཝང་ཀྲིན་ཝེ། མཱ་པེའོ། ཁྲིན་ཞའོ་ཀོང་། ལེང་ཀྲིན་དབྱིན། ཞ་པའོ་ལུང་། དབྱང་ཁྲོན་ཐང་། ལིས་པེན། པཱ་ཐི་ཨར། ཝང་ཡུང་ཆིན། ཧི་ལིས་ཧྥིན། སུའུ་ཧོས། ཀྲིན་ཅན་པང་། ཀུའུ་ཧྲིན་ཙུའུ། ལིའུ་ཞིན་ཁྲིན། ཧི་ཝེ། ཧྲའོ་ཧུང་། ཀའོ་ཡུན་ལུང་བཅས་ཀྲུའུ་ཞིའི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད།

ཞི་ཅིན་ཕིང་དང་ལིས་ཁི་ཆང་། ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ཀྲང་ཀའོ་ལིས། ལིས་ཀྲན་ཧྲུའུ། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན་བཅས་ཀྲུའུ་ཞིའི་སྟེགས་བུའི་སྟེང་དུ་བཞུགས་ཡོད།

ཝང་དབྱང་གིས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་སྟེང་འབྱོར་དགོས་པའི་ཨུ་ཡོན་སྟོང་ཉིས་དང་བརྒྱ་དང་ང་བརྒྱད་ཡོད་ལ། དོན་དངོས་སུ་འབྱོར་བའི་ཨུ་ཡོན་སྟོང་ཉིས་དང་བརྒྱ་དང་ཞེ་གཉིས་ཡོད་པས། གཏན་འཁེལ་གྱི་མི་གྲངས་དང་མཐུན་པ་ཁྱབ་སྒྲོག་མཛད།

གྲོས་ཚོགས་སྟེང་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་དང་། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་སྐོར་གྱི་གྲོས་ཆོད། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་གྲོས་གཞི་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་གྲོས་གཞི་ལ་ཞིབ་བཤེར་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་ཆབ་སྲིད་གྲོས་ཆོད་བཅས་ལ་གྲོས་འཆམ་བྱུང་།

ཝང་དབྱང་གིས་གསུངས་རྒྱུར། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་ནི་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་གསར་བའི་འགོ་ཚུགས་པའི་དུས་སྐབས་གལ་ཆེན་ཞིག་ལ་བསྡུས་པ་ཡིན། ཀྲུང་གུང་ཀྲུང་དབྱང་གིས་ཧ་ཅང་མཐོང་ཆེན་བྱས་པ་དང་། འབྲེལ་ཡོད་ཕྱོགས་སོ་སོས་རྒྱབ་སྐྱོར་ཆེན་པོ་བྱས་ལ། ཨུ་ཡོན་ཡོངས་ཀྱིས་མཉམ་དུ་འབད་བརྩོན་བྱས་པས་གྲོས་རིམ་སྣ་ཚོགས་ཕུན་སུམ་ཚོགས་པའི་ངང་ཡོངས་འགྲུབ་བྱས་པ་ཡིན་ཟེར།

ཝང་དབྱང་གིས་གསུངས་རྒྱུར། གྲོས་ཚོགས་ཀྱི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་བློ་མཐུན་ཚོགས་ཆེན་གྱི་འགོ་རྩོམ་པའི་གྲོས་ཚོགས་དང་མཇུག་བསྡུའི་གྲོས་ཚོགས་སུ་ཞུགས་པར་མ་ཟད། ལས་རིགས་ཁག་གི་ཚན་ཆུང་ལ་ཕེབས་ཏེ་ཨུ་ཡོན་རྣམས་དང་མཉམ་དུ་རྒྱལ་དོན་ལ་གྲོས་བསྡུར་བྱས། རྒྱ་ཆེའི་ཨུ་ཡོན་གྱིས་ཆབ་སྲིད་ཀྱི་འགན་འཁྲིའི་བསམ་པ་དྲག་པོ་བཅངས་ཏེ། སྲིད་གཞུང་བྱ་བའི་སྙན་ཞུ་དང་སྙན་ཞུ་གཞན་པར་གྲོས་བསྡུར་ཟབ་མོ་བྱས་པ་དང་། རྩ་ཁྲིམས་བཟོ་བཅོས་འཆར་ཟིན་དང་ལྟ་ཞིབ་བཅའ་ཁྲིམས་འཆར་ཟིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་བཅོས་སྒྱུར་ཇུས་གཞི་བཅས་ལ་གྲོས་བསྡུར་བྱས་པར་མ་ཟད། རྒྱལ་ཡོངས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་སྲིད་གྲོས་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་སོགས་ཡིག་ཆ་ལ་གྲོས་ཞིབ་ནན་མོ་བྱས་ཤིང་། འགན་འཁྲི་ལག་བསྟར་དང་བློ་འདོན་ཇུས་འབུལ་བྱས་ནས་གྲུབ་འབྲས་གཡུར་དུ་ཟ་བ་བླངས། དེ་ནི་དམངས་གཙོ་དང་མཐུན་སྒྲིལ། དངོས་གཉེར། ཡར་བརྩོན་བཅས་ཀྱི་ཚོགས་ཆེན་ཞིག་ཡིན་ལ། དེས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ཀྱི་སྐྱེ་སྟོབས་དང་གསོན་ཤུགས་མངོན་པར་བྱས་ཡོད་ཟེར།

ཝང་དབྱང་གིས་གསུངས་རྒྱུར། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་ནི་རང་རྒྱལ་གྱི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཤིག་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས། དམངས་གཙོ་ཏང་ཁག་སོ་སོ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱི་རླབས་ཆེ་བའི་ཆབ་སྲིད་ཀྱི་གསར་སྐྲུན་ཡིན་པར་མ་ཟད། ཀྲུང་གོ་ནས་བྱུང་བའི་རྣམ་པ་གསར་བའི་སྲིད་ཏང་ལམ་ལུགས་ཡིན། མི་དམངས་སྲིད་གྲོས་ནི་ཆབ་སྲིད་རྩ་འཛུགས་ཡིན་པས། ངེས་པར་དུ་ལངས་ཕྱོགས་གསལ་བོའི་སྒོ་ནས་ཆབ་སྲིད་སྐྱོང་དགོས་ལ། མི་དམངས་སྲིད་གྲོས་ནི་མི་དམངས་དམངས་གཙོའི་ལམ་ལུགས་གལ་ཆེན་ཡིན་པས། ངེས་པར་དུ་མི་དམངས་གཙོ་བོར་བཟུང་སྟེ་འགན་འཁྲི་ལག་བསྟར་བྱེད་དགོས་པ་དང་། མི་དམངས་སྲིད་གྲོས་ནི་ཆེད་དོན་གྲོས་མོལ་ལས་ཁུངས་ཡིན་པས། ངེས་པར་དུ་དངོས་གཉེར་བདེན་འཚོལ་གྱི་གྲོས་མོལ་ནུས་པ་དང་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་སྟེང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་། རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་གཞི་རྩའི་བཅའ་ཁྲིམས་ཡིན་ལ། རྒྱལ་སྐྱོང་བདེ་འགོད་ཀྱི་སྤྱིའི་སྒྲིག་ཡིག་ཡིན་པར་མ་ཟད། ཀྲུང་གོ་གུང་ཁྲན་ཏང་དང་རྒྱལ་ཡོངས་མི་དམངས་ཀྱི་འདོད་བློའི་གཅིག་བསྡུས་མཚོན་བྱེད་ཀྱང་ཡིན། མི་དམངས་སྲིད་གྲོས་ཀྱིས་བྱ་འགུལ་མཐའ་དག་སྤེལ་བ་རྩ་ཁྲིམས་ཀྱི་གཞི་རྩའི་ཚད་གཞིར་བརྟེན་པ་རྒྱུན་འཁྱོངས་བྱེད་དགོས་ལ། རྩ་ཁྲིམས་དང་ཁྲིམས་ལུགས་ཀྱི་ཁྱབ་ཁོངས་སུ་འགན་འཁྲི་ལག་བསྟར་བྱེད་པ་དང་། བྱ་བ་སྒྲུབ་དགོས། རྩ་ཁྲིམས་ལ་གོང་བཀུར་དང་རྩ་ཁྲིམས་ལ་སློབ་སྦྱོང་། རྩ་ཁྲིམས་བརྩི་སྲུང་། རྩ་ཁྲིམས་ལ་སྲུང་སྐྱོབ། རྩ་ཁྲིམས་བཀོལ་སྤྱོད་བཅས་བྱེད་པའི་བསམ་བློའི་གོ་རྟོགས་དང་བྱ་སྤྱོད་ཀྱི་གོ་རྟོགས་དངོས་སུ་ཇེ་ཆེར་གཏོང་དགོས་ཟེར།

ཝང་དབྱང་གིས་གསུངས་རྒྱུར། དུས་རབས་གསར་བས་བྱ་གཞག་གསར་བར་འབོད་སྐུལ་གཏོང་བཞིན་ཡོད་པས། མི་དམངས་སྲིད་གྲོས་ཀྱིས་ཐུན་མོང་གི་དམིགས་འབེན་ལ་བརྟེན་ནས་མཐུན་ཆ་ཆེ་ཤོས་སྐྲུན་དགོས་ལ། མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོར་བརྟེན་ནས་ཀུན་སེམས་གཅིག་ཏུ་སྒྲིལ་དགོས། གྲོས་མོལ་དང་དམངས་གཙོ་ལ་བརྟེན་ནས་དྲང་ཕྱོགས་ཀྱི་ནུས་ཚད་ཆེན་པོ་གཅིག་ཏུ་སྒྲིལ་དགོས། བཅོས་སྒྱུར་གསར་གཏོད་ལ་བརྟེན་ནས་བྱ་བའི་སྟོབས་ཤུགས་གསར་བ་བསྐྱེད་དགོས་པར་མ་ཟད། ཏང་ཁག་མི་གཅིག་པ་དང་མི་རིགས་མི་གཅིག་པ། གྲལ་རིམ་མི་གཅིག་པ། དད་མོས་མི་གཅིག་པ་བཅས་ཀྱི་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་བུ་མོ་ཧུར་ཐག་སྒོས་གཅིག་ཏུ་བསྡུས་ནས། མེས་རྒྱལ་གཅིག་གྱུར་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཆེས་རྒྱ་ཆེ་བའི་རྒྱལ་གཅེས་གཅིག་གྱུར་འཐབ་ཕྱོགས་ཆགས་པར་སྟོབས་ཤུགས་འབུལ་དགོས་ཟེར།

ཝང་དབྱང་གིས་མཇུག་མཐར་གསུངས་རྒྱུར། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་པོ་བྱས་ནས། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་བརྩོན་ལེན་བྱེད་པར་ཧུར་ཐག་སྒོས་འབད་བརྩོན་ལྷོད་མེད་བྱེད་དགོས་ཟེར།

མཇུག་བསྡུའི་གྲོས་ཚོགས་སུ་ཞུགས་པའི་འགོ་ཁྲིད་བློ་མཐུན་ལ་ད་རུང་ཏིན་ཞེའོ་ཞང་དང་མཱ་ཁེ། ཝང་ཁྲིན། ལིའུ་ཧི། ལིའུ་ཡན་ཏུང་། ཞུའུ་ཆི་ལེང་། སུན་ཁྲུན་ལན། ལིས་ཞི། ལིས་ཆང་། ལིས་ཅན་གོ ལིས་ཧུང་ཀྲུང་། ལིས་ཡོན་ཁྲའོ། དབྱང་ཅེ་ཁྲི། དབྱང་ཞའོ་ཏུའུ། ཀྲང་ཡུག་ཞ། ཁྲིན་ཞི། ཁྲིན་ཆོན་གོ། ཁྲིན་མེན་ཨར། ཧྥན་ཁྲང་ལུང་། ཧུའུ་ཁྲུན་ཧྭ། གོ་ཧྲིན་ཁུན། ཧོང་ཁུན་མེན། ཚེ་ཆི། ཡུག་ཆོན་བཅས་ཡོད།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བ་མཇུག་བསྡུའི་གྲོས་ཚོགས་སུ་ཟུར་དུ་ཞུགས། ཀྲུང་གོར་སྡོད་པའི་རྒྱལ་ཁབ་སོ་སོའི་གཞུང་ཚབ་ཆེན་མོས་གདན་དྲངས་པ་ལྟར་མཇུག་བསྡུའི་གྲོས་ཚོགས་ལ་ཟུར་ཉན་བྱས།

བརྗིད་ཉམས་ལྡན་པའི་རྒྱལ་གླུའི་ཁྲོད་ཚོགས་ཆེན་རྒྱལ་ཁའི་ངང་གྲོལ།

ཚོགས་ཆེན་གྲོལ་རྗེས། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་གྲོས་ཚོགས་སུ་ཞུགས་པའི་སྲིད་གྲོས་ཨུ་ཡོན་ཡོངས་དང་མཉམ་དུ་དྲན་རྟེན་གྱི་པར་བླངས།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།