ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་ཞིང་ལས་མཐོ་གསར་ལག་རྩལ་ཐོན་ལས་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་དང་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་མཛུབ་སྟོན་བསམ་འཆར་དཔར་ནས་བཀྲམ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-02-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་ཞིང་ལས་མཐོ་གསར་ལག་རྩལ་ཐོན་ལས་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་དང་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་མཛུབ་སྟོན་བསམ་འཆར་དཔར་ནས་བཀྲམ་སྟེ། ཞིང་ལས་ཚན་རྩལ་ས་ཁུལ་ཀྱི་སྤུས་ཚད་མཐོར་འདེགས་དང་རིམ་པ་སྤོར་བར་སྐུལ་འདེད་གཏོང་བ་དང་། ཞིང་ལས་མཐོ་གསར་ལག་རྩལ་ཐོན་ལས་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་དང་འཕེལ་རྒྱས་སུ་གཏོང་བར་བཀོད་སྒྲིག་བྱས།

བསམ་འཆར་ལས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་བཟུང་སྟེ། གསར་གཏོད་ཡར་སྐུལ་འཕེལ་རྒྱས་འཐབ་ཇུས་དང་ཞིང་སྡེ་དར་རྒྱས་འཐབ་ཇུས་ལག་བསྟར་བྱེད་པ་ཁྲིད་སྟོན་དུ་བརྩི་བ་དང་། ཞིང་ལས་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་རྒྱུ་གཙོ་བོར་བཟུང་སྟེ། ཞིང་ལས་ཀྱི་ཕན་འབྲས་ཇེ་ཆེར་གཏོང་བ་དང་ཞིང་བའི་ཡོང་སྒོ་ཇེ་མང་དུ་གཏོང་བ། ཞིང་སྡེ་ལྗང་སྒྱུར་བྱེད་པ་བཅས་ལ་ཞབས་འདེགས་ཞུ་བ་ཁ་ཕྱོགས་གཙོ་བོར་བརྩིས་ནས། སྟོབས་ཤུགས་ཡོད་རྒུས་ཞིང་ལས་གསར་གཏོད་ཡར་སྐུལ་འཕེལ་རྒྱས་ཀྱི་སྔོན་སྐྱོད་ས་ཁུལ་དང་ཞིང་ལས་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ཚོད་ལྟའི་ས་ཁུལ་འཛུགས་སྐྲུན་བྱེད་དགོས་ཟེར།

བསམ་འཆར་ལས་བཀོད་དོན། ཞིང་ལས་མཐོ་གསར་ལག་རྩལ་ཐོན་ལས་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་དང་འཕེལ་རྒྱས་སུ་གཏོང་བའི་དམིགས་འབེན་གཙོ་བོ་ནི་2025ལོའི་བར་དུ་རྒྱལ་ཁབ་ཞིང་ལས་མཐོ་གསར་ལག་རྩལ་ཐོན་ལས་དཔེ་སྟོན་ས་ཁུལ་སྐོར་ཞིག་འཛུགས་སྐྲུན་བྱེད་དགོས་ལ། རྒྱལ་སྤྱིའི་ཤུགས་རྐྱེན་ནུས་པ་ལྡན་པའི་དེང་རབས་ཞིང་ལས་གསར་གཏོད་ས་ཁུལ་དང་ཤེས་ལྡན་མི་སྣ་འཛོམས་ས། ཐོན་ལས་གཉེར་ས་བཅས་འཛུགས་སྐྲུན་བྱེད་རྒྱུ་དེ་ཡིན་ཟེར།

བསམ་འཆར་ལས་ཞིང་ལས་མཐོ་གསར་ལག་རྩལ་ཐོན་ལས་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་དང་འཕེལ་རྒྱས་སུ་གཏོང་བའི་ལས་འགན་གཙོ་བོ་གཏན་འཁེལ་བྱས་པ་སྟེ། གཅིག་ནི་གསར་གཏོད་གཙོ་གཞི་སྐྱེད་སྲིང་བྱེད་པ་དང་གཉིས་ནི་གཙོ་ཁྲིད་ཐོན་ལས་རྒྱ་བསྐྱེད་པ། གསུམ་ནི་ཚན་རྩལ་སློབ་ཁྲིད་ཐོན་ཁུངས་གཅིག་བསྡུ་བྱེད་པ། བཞི་ནི་ལས་རིགས་ཞིང་བ་གསོ་སྦྱོང་བྱེད་པ། ལྔ་ནི་མཉམ་འདྲིས་མཉམ་སྤྱོད་ལ་སྐུལ་འདེད་གཏོང་བ། དྲུག་ནི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བདུན་ནི་ཆ་འཕྲིན་ཞབས་ཕྱིར་ཤུགས་སྣོན་པ། བརྒྱད་ནི་རྒྱལ་སྤྱིའི་མཉམ་ལས་ལ་གཙིགས་འཛིན་བྱེད་པ་བཅས་ཡིན་ཟེར།

བསམ་འཆར་ལས་ད་རུང་ཞིང་ལས་མཐོ་གསར་ལག་རྩལ་ཐོན་ལས་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་དང་འཕེལ་རྒྱས་སུ་གཏོང་བའི་ནོར་སྲིད་རྒྱབ་སྐྱོར་དང་དངུལ་ལོར་རྒྱབ་སྐྱོར། ས་ཞིང་བཀོལ་སྤྱོད། ཚན་རྩལ་དོ་དམ་བཅས་ཀྱི་སྲིད་ཇུས་དང་བྱེད་ཐབས་གཏན་འཁེལ་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།