འཛམ་གླིང་ཀྲུང་གོ་རིག་པའི་གླེང་སྟེགས་སྐབས་བདུན་པ་ཧྲང་ཧེ་ནས་སྤེལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས་བཅུ་ཉིན་གྱི་སྔ་དྲོར། དུས་རབས་གསར་བའི་ཀྲུང་གོ་ཞེས་པ་བརྗོད་བྱ་གཙོ་བོ་ཡིན་པའི་འཛམ་གླིང་ཀྲུང་གོ་རིག་པའི་གླེང་སྟེགས་ཞེས་པ་ཧྲང་ཧེ་ནས་སྤེལ་འགོ་བརྩམས། རྒྱལ་ཁབ་དང་ས་ཁུལ་སུམ་ཅུ་ལྷག་ནས་ཡོང་བའི་ཀྲུང་གོ་རིག་པ་དང་རྒྱ་ཡིག་གི་ཆེད་མཁས་པ་བརྒྱ་དང་བརྒྱད་ཅུ་ལྷག་གྲོས་ཚོགས་སུ་ཞུགས་ཏེ། མཉམ་དུ་དུས་རབས་གསར་བའི་ཀྲུང་གོ་ཞེས་པའི་བརྗོད་བྱ་གཙོ་བོར་དམིགས་ནས་བགྲོ་གླེང་བྱས།

སྐབས་འདིའི་གླེང་སྟེགས་ནི་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་གྲོལ་རྗེས་ཀྲུང་གོས་བསྒྲུབས་པའི་རྒྱལ་སྤྱིའི་རིག་གཞུང་བགྲོ་གླེང་བྱ་འགུལ་ཆེན་པོ་ཐེངས་ཤིག་རེད། གླེང་སྟེགས་ཀྱི་དམིགས་ཡུལ་ནི་རྒྱལ་ཁབ་ཕྱི་ནང་གི་ཀྲུང་གོ་རིག་པར་ཞིབ་འཇུག་བྱེད་པའི་ལས་རིགས་ལ་གྲོས་མོལ་དང་བརྗེ་རེས་ཀྱི་སྟེགས་བུ་འདོན་སྤྲོད་བྱེད་པ་དང་། ཀྲུང་གོ་རིག་པར་ཞིབ་འཇུག་བྱེད་པའི་གནས་ཚུལ་དང་འཕེལ་ཕྱོགས་མངོན་མཚོན་བྱེད་པ། ཀྲུང་གོ་དང་འཛམ་གླིང་བར་ཕན་ཚུན་རྒྱུས་ལོན་ཟབ་མོ་བྱེད་པ། འཛམ་གླིང་སྟེང་ཤུགས་རྐྱེན་ནུས་པ་ལྡན་པའི་ཀྲུང་གོ་རིག་པའི་རིག་གཞུང་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་པ་བཅས་ཡིན།

ཚེས་བཅུ་ཉིན་ནས་ཚེས་བཅུ་གཅིག་ཉིན་བར། གླེང་སྟེགས་སུ་ཞུགས་པའི་རིག་གནས་པས་དུས་རབས་གསར་བའི་མཛུབ་སྟོན་བསམ་བློ་ཞེས་པ་དང་། དུས་རབས་གསར་བའི་དོ་མཉམ་འཕེལ་རྒྱས་ཞེས་པ། དུས་རབས་གསར་བའི་རིག་གནས་ཡིད་རྟོན་ཞེས་པ། དུས་རབས་གསར་བའི་ལམ་ལུགས་འཛུགས་སྐྲུན་ཞེས་པ། དུས་རབས་གསར་བའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ཞེས་པ་བཅས་གྲོས་དོན་ཆེན་པོ་ལྔར་དམིགས་ཏེ་གྲོས་བསྡུར་བྱེད་པ་དང་། ལྟ་བ་སྣ་ཚོགས་བརྗེ་རེས་བྱེད་པའི་ཐད་ནས་ཀྲུང་གོའི་འཕེལ་རྒྱས་བགྲོད་ལམ་གྱི་ཐུན་མོང་གི་ལྟ་བ་གཅིག་འགྱུར་བྱེད་རྒྱུ་རེད།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།