ཞི་ཅིན་ཕིང་དང་ཨར་ཅི་རི་ཡའི་ཙུང་ཐུང་པུའུ་ཐི་ཧྥའོ་ལིས་ཁ་གཉིས་ཀྱིས་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་སྟེ། ཨར་ཅི་རི་ཡའི་འཕྲིན་གཏོང་འཁོར་སྐར་དང་པོ་དེ་ཞི་ཁྲང་ནས་བདེ་བླག་ངང་བར་སྣང་དུ་བཏང་བར་རྟེན་འབྲེལ་ཞུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བཅུ་གཉིས་པའི་ཚེས་བཅུ་གཅིག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨར་ཅི་རི་ཡའི་ཙུང་ཐུང་པུའུ་ཐི་ཧྥའོ་ལིས་ཁ་གཉིས་ཀྱིས་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་སྟེ། ཨར་ཅི་རི་ཡའི་འཕྲིན་གཏོང་འཁོར་སྐར་དང་པོ་དེ་ཞི་ཁྲང་ནས་བདེ་བླག་ངང་བར་སྣང་དུ་བཏང་བར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་གསུངས་རྒྱུར། ཨར་ཅི་རི་ཡའི་འཕྲིན་གཏོང་འཁོར་སྐར་དང་པོའི་ལས་གཞི་ནི་ཀྲུང་གོ་དང་ཨར་ཅི་རི་ཡའི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་མཚོན་བྱེད་གལ་ཆེན་ཡིན་ལ། ཀྲུང་གོས་ཨ་རབ་རྒྱལ་ཁབ་བར་དུ་མཁའ་སྐྱོད་ཁྱབ་ཁོངས་ནས་མཉམ་ལས་བྱས་ཏེ་ལེགས་འགྲུབ་བྱུང་བའི་དཔེ་མཚོན་ཐོག་མ་གསར་སྐྲུན་བྱས་པ་དང་། དེས་ཨར་ཅི་རི་ཡའི་དཔལ་འབྱོར་འཕེལ་རྒྱས་དང་དམངས་ཚིས་ལེགས་བཅོས། སྤྱི་ཚོགས་ཡར་ཐོན་བཅས་ཀྱི་ཐད་ལ་ནུས་པ་གལ་ཆེན་འདོན་ངེས་ཡིན། སང་ལོ་ནི་ཀྲུང་གོ་དང་ཨར་ཅི་རི་ཡ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་དྲུག་ཅུ་ལོན་པའི་ལོ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨར་ཅི་རི་ཡ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་ཞིང་ཀྲུང་གོ་དང་ཨར་ཅི་རི་ཡའི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ཟེར།

པུའུ་ཐི་ཧྥའོ་ལིས་ཁ་ཡིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བཤད་རྒྱུར། ཨར་ཅི་རི་ཡའི་འཕྲིན་གཏོང་འཁོར་སྐར་དང་པོ་བདེ་བླག་ངང་བར་སྣང་དུ་བཏང་བ་ནི་ཨར་ཅི་རི་ཡ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་མཁའ་སྐྱོད་མཉམ་ལས་བྱས་པའི་གྲུབ་འབྲས་གལ་ཆེན་ཡིན་པ་དང་། ཕྱོགས་གཉིས་བར་དུ་སྲོལ་རྒྱུན་མཛའ་བཤེས་ཟབ་མོ་ཆགས་པ་མཚོན་ཡོད། ཨར་ཅི་རི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་ནས་གྲུབ་འབྲས་ཆེན་པོ་ལེན་པར་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད་ཟེར། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།