ཀྲུང་གོ་བོད་ཀྱི་དྲ་བ།

ཀྲང་ཏི་ཅང་གིས་མར་ཏེ་ཝུན་གྱི་ཙུང་ཐུང་ཡ་མེན་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-12-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

d5081f537fc6c7c1acdee0b5ef03e20b.jpg

ཟླ་བཅུ་གཉིས་པའི་ཚེས་བརྒྱད་ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་མར་ཏེ་ཝུན་གྱི་ཙུང་ཐུང་ཡ་མེན་ལ་མཇལ་འཕྲད་གནང་། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས་བརྒྱད་ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་མར་ཏེ་ཝུན་གྱི་ཙུང་ཐུང་ཡ་མེན་ལ་མཇལ་འཕྲད་གནང་།

ཀྲང་ཏི་ཅང་གིས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་མར་ཏེ་ཝུན་དུས་རབས་ཉེར་གཅིག་པའི་མཚོ་ཐོག་གི་དར་གོས་ཚོང་ལམ་འཛུགས་སྐྲུན་བྱེད་པའི་ཁྲོད་ཀྱི་མཉམ་ལས་གྲོགས་པོ་གལ་ཆེན་ཞིག་ཏུ་བརྩིས་ནས། མར་ཏེ་ཝུན་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་མར་ཏེ་ཝུན་གཉིས་ཀྱི་མ་འོངས་པར་ཁ་ཕྱོགས་པའི་ཁྱོན་ཡོངས་ཀྱི་མཛའ་མཐུན་མཉམ་ལས་གྲོགས་པོའི་འབྲེལ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་སུ་གཏོང་བ་དང་། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད། ཀྲུང་གོ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱིས་མར་ཏེ་ཝུན་གྲོས་ཁང་བར་གྱི་མཛའ་མཐུན་མཉམ་ལས་ལ་སྔར་ལས་ཤུགས་བསྣན་ཏེ། རྒྱལ་ཁབ་གཉིས་ཀྱི་འགོ་གཙོ་བར་གྲོས་མཐུན་བྱུང་བའི་འཐབ་ཇུས་མཛུབ་ཁྲིད་ལྟར། ཁྲིམས་འཛུགས་དང་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་བརྗེ་རེས་ཟབ་མོ་བྱེད་པ་དང་། གནས་སྐོར་དང་སློབ་གསོ། ན་གཞོན་བཅས་མི་གཞུང་བརྗེ་རེས་ལ་ཧུར་ཐག་སྒོས་སྐུལ་འདེད་བཏང་སྟེ། དུས་སྐབས་གསར་བའི་ཀྲུང་གོ་དང་མར་ཏེ་ཝུན་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་བར་ཁྲིམས་ལུགས་དང་དམངས་འདུན་རྨང་གཞི་འདིང་འདོད་ཡོད་ཟེར།

ཡ་མེན་གྱིས་བཤད་རྒྱུར། ཀྲུང་གོ་ནི་མར་ཏེ་ཝུན་གྱི་མཉམ་ལས་གྲོགས་པོ་གལ་ཆེན་ཡིན། མར་ཏེ་ཝུན་ཕྱོགས་ཀྱིས་ཀྲུང་གོ་བར་གྱི་མཛའ་བཤེས་དང་མཉམ་ལས་ལ་ཧ་ཅང་གཅེས་སྤྲས་བྱེད་ཀྱིན་ཡོད་ལ། ཀྲུང་གོ་ཕྱོགས་དང་ཁྲིམས་འཛུགས་ལས་ཁུངས་བར་གྱི་འགྲོ་འོང་ལ་ཤུགས་སྣོན་པ་དང་། ཕན་ཚུན་བར་གྱི་རྒྱུས་ལོན་དང་ཡིད་ཆེས་རྒྱུན་ཆད་མེད་པར་ཇེ་དམ་དུ་གཏོང་འདོད་ཡོད་ཟེར།

ཀྲང་ཕིང་མཇལ་འཕྲད་ལ་ཞུགས།

ཉིན་དེའི་ཕྱི་དྲོར། ཙུང་ཐུང་ཡ་མེན་པེ་ཅིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སོང་སྟེ། མི་དམངས་དཔའ་བོའི་རྗེས་དྲན་རྡོ་རིང་ལ་མེ་ཏོག་གི་ཕྲེང་བ་ཕུལ།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།