ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཨེ་ཅིབ་ནས་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཚབས་ཆེན་བྱུང་བའི་ཐད་ལ་ཨེ་ཅིབ་རྒྱལ་ཁབ་ཀྱི་ཙུང་ཐུང་སེ་ཞི་ལ་འཚམས་འདྲི་ཞུ་བའི་གློག་འཕྲིན་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་བཅུ་གཅིག་པའི་ཚེས་ཉེར་ལྔ་ཉིན་ཨེ་ཅིབ་རྒྱལ་ཁབ་ཀྱི་ཙུང་ཐུང་སེ་ཞི་ལ་འཚམས་འདྲི་ཞུ་བའི་གློག་འཕྲིན་བཏང་སྟེ། ཟླ་བཅུ་གཅིག་པའི་ཚེས་ཉེར་བཞི་ཉིན་ཨེ་ཅིབ་པེ་ཞི་ནེ་ཞིང་ཆེན་གྱི་ཨ་ལི་ཧྲི་གྲོང་ཁྱེར་གྱི་དབྱི་ཟི་ལན་ཆོས་ཁང་ཞིག་ཏུ་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཚབས་ཆེན་བྱུང་བའི་ཐད་ནས་སྟབས་མ་ལེགས་པར་ཚེ་ལས་འདས་པ་རྣམས་ལ་སྐྱོ་གདུང་ཆེན་པོས་མྱ་ངན་ཞུས་པ་དང་། ཙུང་ཐུང་སེ་ཞི་དང་ཚེ་ལས་འདས་མཁན་གྱི་ཁྱིམ་མི། རྨས་མ་བཅས་ལ་སེམས་གཏིང་ནས་འཚམས་འདྲི་ཞུས།

ཞི་ཅིན་ཕིང་གིས་འཚམས་འདྲིའི་གློག་འཕྲིན་ནང་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་སྒོས་རྣམ་པ་སྣ་ཚོགས་ཀྱི་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱས་པ་ཡིན་ལ། ཐེངས་འདིའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ལ་ཁ་རྡུང་དྲག་པོ་བཏང་བ་ཡིན། ཀྲུང་གོ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་སྒོས་ཨེ་ཅིབ་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བརྟན་འཇགས་ལ་སྲུང་སྐྱོབ་དང་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བར་འབད་བརྩོན་བྱས་པར་རྒྱབ་སྐྱོབ་བྱེད་ཀྱིན་ཡོད་ཟེར།

ཉིན་དེར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྱང་འཚམས་འདྲི་ཞུ་བའི་གློག་འཕྲིན་བཏང་སྟེ། ཨེ་ཅིབ་ཀྱི་ཙུང་ལི་དབྱི་སི་མེས་ཨེར་དང་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཁྲོད་ཚེ་ལས་འདས་མཁན་རྣམས་ཀྱི་ཁྱིམ་མི། རྨས་མ་བཅས་ལ་སེམས་གཏིང་ནས་འཚམས་འདྲི་ཞུས།

ལིས་ཁི་ཆང་གིས་འཚམས་འདྲིའི་གློག་འཕྲིན་ནང་ཀྲུང་གོ་ཕྱོགས་ཀྱིས་ཨེ་ཅིབ་ཕྱོགས་དང་མཉམ་དུ་རྣམ་པ་སྣ་ཚོགས་ཀྱི་འཇིགས་སྐུལ་རིང་ལུགས་ལ་བློ་བརྟན་འགྱུར་མེད་སྒོས་ངོ་རྒོལ་བྱེད་རྒྱུ་ཡིན་ཞེས་ནན་གྱིས་གསུངས།

ཚེས་ཉེར་བཞི་ཉིན། ཨེ་ཅིབ་པེ་ཞི་ནེ་ཞིང་ཆེན་གྱི་དབྱི་ཟི་ལན་ཆོས་ཁང་ཞིག་ཏུ་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི་སུམ་བརྒྱ་དང་ལྔ་བསད་པ་དང་། མི་བརྒྱ་དང་ཉེར་བརྒྱད་ལ་རྨས་ཕོག མིག་སྔའི་བར་དུ་རྩ་འཛུགས་གང་ཞིག་གིས་ཀྱང་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་དེ་བཟོས་པ་བསྒྲགས་མེད།

འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བྱུང་རྗེས། ཨེ་ཅིབ་དཔོན་ཕྱོགས་ཀྱིས་དོན་རྐྱེན་བྱུང་བའི་ཉིན་ནས་བཟུང་ཚེ་ལས་འདས་མཁན་རྣམས་ལ་དུས་ཡུན་ཉིན་གསུམ་རིང་ལ་མྱ་ངན་ཞུ་རྒྱུ་ཁྱབ་སྒྲོག་བྱས།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།