ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཅི་པོའུ་ཐིའི་ཙུང་ཐུང་ཀེ་ལེ་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

8416cad882de1cc5268572d120d61452.jpg

ཟླ་བཅུ་གཅིག་པའི་ཚེས་ཉེར་བཞི་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཅི་པོའུ་ཐིའི་ཙུང་ཐུང་ཀེ་ལེ་ལ་མཇལ་འཕྲད་གནང་། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་ཉེར་བཞི་ཉིན་གྱི་ཕྱི་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཅི་པོའུ་ཐིའི་ཙུང་ཐུང་ཀེ་ལེ་ལ་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་གསུངས་རྒྱུར། ཅི་པོའུ་ཐི་ནི་ཨ་ཧྥེ་རི་ཁ་ཤར་ཕྱོགས་སུ་ཡོད་པའི་ཀྲུང་གོའི་མཉམ་ལས་གྲོགས་པོ་གལ་ཆེན་ཡིན། རྒྱལ་ཁབ་གཉིས་ཀྱིས་དུས་དང་རྣམ་པ་ཀུན་དུ་ཕན་ཚུན་བར་བརྩི་འཇོག་བྱེད་པ་དང་འདྲ་མཉམ་གྱི་ལྟ་སྟངས་བཟུང་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཞབས་ཙུང་ཐུང་གཉིས་ཀྱིས་གྲོས་མོལ་བྱས་ནས། ཀྲུང་གོ་དང་ཅི་པོའུ་ཐི་གཉིས་ཀྱི་འབྲེལ་བ་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ཚད་དུ་མཐོར་འདེགས་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མ་འོངས་པའི་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་ཇུས་འགོད་བྱས། ཕྱོགས་གཉིས་ཀྱིས་ཕན་ཚུན་བར་གྱི་ཡིད་ཆེས་མུ་མཐུད་དུ་ཇེ་དམ་དུ་གཏོང་བ་དང་། མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། ཀྲུང་གོ་དང་ཅི་པོའུ་ཐི་གཉིས་ཀྱི་འབྲེལ་བ་དེ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མིག་དཔེ་ལྟ་བུར་སྒྱུར་དགོས་ཟེར།

ལིས་ཁི་ཆང་གིས་ནན་གྱིས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་ཅི་པོའུ་ཐི་ཕྱོགས་དང་ཕན་ཚུན་བར་གྱི་ཁ་གསབ་ཁྱད་སྟོབས་འདོན་སྤེལ་བྱས་ནས། འབྲེལ་ཡོད་རྨང་གཞིའི་སྒྲིག་ཆས་དང་ཐོན་ནུས་མཉམ་ལས་ཀྱི་ལས་གཞི་གཙོ་བོ་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དང་། ཚོང་ལས་ཉོ་ཚོང་དང་དངོས་སྐྱེལ་འབྲེལ་ཐག་ས་ཁུལ་འཛུགས་སྐྲུན་བཟང་བོ་བྱས་ཏེ། ཅི་པོའུ་ཐིའི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་དམངས་ཚིས་ལེགས་བཅོས་བྱེད་པར་རོགས་རམ་བྱེད་འདོད་ཡོད་ཟེར།

ཀེ་ལེ་ཡིས་ཅི་པོའུ་ཐི་ཕྱོགས་ཀྱིས་ཀྲུང་གོས་ཅི་པོའུ་ཐིའི་འཛུགས་སྐྲུན་ཐད་ལ་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས་པར་མ་ཟད། རང་སྟེང་གི་ས་བབ་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ནས། ཀྲུང་གོ་ཕྱོགས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་མཉམ་དུ་འཕེལ་རྒྱས་སུ་གཏོང་འདོད་ཡོད་པའི་ཚུལ་བསྟན།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།