ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་པེ་ཅིན་དུ་འཚོགས་མགོ་བརྩམས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-10-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

111.jpg

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སྐབས་བཅོ་བརྒྱད་པའི་ཚབ་མཛད་དེ་ཚོགས་ཆེན་སྟེང་སྙན་ཞུ་འབུལ་བཞིན་པ། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རླབས་ཆེ་བའི་ཕུགས་འདུན་གྱི་འཆར་གཞི་གསར་པ་བཀོད་དེ། རླབས་ཆེ་བའི་བྱ་གཞག་གི་དུས་རབས་གསར་པའི་མགོ་བརྩམས། འཛམ་གླིང་ཀུན་གྱིས་དོ་སྣང་བྱེད་པའི་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་ཚེས18ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོར་འཚོགས་མགོ་བརྩམས།

ཞི་ཅིན་ཕེན་གྱིས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སྐབས་བཅོ་བརྒྱད་པའི་ཚབ་མཛད་དེ་ཚོགས་ཆེན་ལ་ཁ་བྱང་དུ《ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་རྒྱལ་ཁ་ཕུ་ཐག་ཆོད་པ་བླངས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་དགོས》ཞེས་པའི་སྙན་ཞུ་ཕུལ། ཞི་ཅིན་ཕེན་གྱིས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་ནི། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་དུས་མཚམས་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སྐྱོད་པའི་གནད་འགག་གི་དུས་སྐབས་སུ་འཚོགས་པའི་ཧ་ཅང་གལ་ཆེ་བའི་ཚོགས་ཆེན་ཞིག་ཡིན། ཚོགས་ཆེན་གྱི་བརྗོད་བྱ་གཙོ་བོ་ནི། ཐོག་མའི་ཆོད་སེམས་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ཤིང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་བརྩོན་ལེན་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་འདུན་མ་མངོན་འགྱུར་བྱེད་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་པ་དེ་ཡིན།

222.jpg

ཀྲུའུ་ཞི་སྟེགས་བུའི་མདུན་དུ་བཞུགས་མཁན་ནང་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཞི་ཅིན་ཕེན་དང་ལི་ཁེ་ཆང་། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི། མ་ཁའེ། ཝང་ཧུའུ་ཉིང་། ལིའུ་ཡན་ཏུང་། ལིའུ་ཆི་པའོ། ཞུས་ཆི་ལེའང་། སུན་ཁྲུན་ལན། ལི་ཅན་ཀུའོ། ལི་ཡོན་ཁྲའོ། ཝང་དབྱང་། ཀྲང་ཁྲུན་ཞན། ཧྥན་ཁྲང་ལུང་། མེང་ཅན་ཀྲུའུ། ཀྲའོ་ལོ་ཅི། ཧུའུ་ཁྲུན་ཧྭ། ལི་ཀྲན་ཧྲུའུ། ཀུའོ་ཅིན་ལུང་། ཧན་ཀྲེང་། ཅང་ཙེ་མེང་། ཧུའུ་ཅིན་ཐའོ། ལི་ཕེང་། ཀྲུའུ་རུང་ཅི། ལི་རུའེ་ཧོན། ཝུའུ་པང་ཀུའོ། ཝུན་ཅ་པའོ། ཅ་ཆིང་ལིན། སུང་ཕེང་། ལི་ལན་ཆིན། ཙེང་ཆིན་ཧུང་། ཝུའུ་ཀོན་ཀྲེང་། ལི་ཁྲང་ཁྲུན། ཧི་ཀུའོ་ཆང་། ཏུའུ་ཆིང་ལིན། ཀྲའོ་ཧུང་ཀྲུའུ། དབྱང་ཅིང་བཅས་ཡོད་པ་རེད།

ཚོགས་ཆེན་ལ་ལི་ཁེ་ཆང་གིས་མགོ་འཛིན་མཛད། སྔ་དྲོའི་དུས་ཚོད9པའི་སྟེང་ཚོགས་ཆེན་གྱི་མགོ་བརྩམས། ཚོགས་ར་ཡོངས་སུ་ཚང་མ་ཡར་ལངས་ནས་སྐད་གསང་མཐོན་པོས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ》བླངས། དེའི་རྫེས་སུ་བློ་མཐུན་ཡོངས་ཀྱིས་མའོ་ཙེ་ཏུང་དང་ཀྲོའུ་ཨེན་ལེ། ལིའུ་ཧྲོའུ་ཆི། ཀྲུའུ་ཏེ། ཏེང་ཞའོ་ཕེང་། ཁྲེན་ཡུན་སོགས་སྐུ་འདས་ཟིན་པའི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་པ་དང་གསར་བརྗེའི་སྔོན་གཤེགས་དཔའ་བོར་ངག་བསྡམས་ནས་མྱ་ངན་ཞུས།

ལི་ཁེ་ཆང་གིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པར་ཞུགས་དགོས་པའི་འཐུས་མི2280དང་ཆེད་ཞུས་འཐུས་མི74བཅས་བསྡོམས་པས་འཐུས་མི2354ཡོད་པ་དང་། དེ་རིང་དངོས་སུ་ཞུགས་པའི་འཐུས་མི2338ཡོད་ཅེས་ཁྱབ་བསྒྲགས་མཛད། ཁོང་གིས་ཚོགས་ཆེན་ལ་ཟུར་ཞུགས་གནང་མཁན་གྱི་ཏང་ཕྱིའི་གྲོགས་པོ་དང་འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བློ་མཐུན་ལ་སྤྲོ་སེམས་འཁོལ་བའི་ངང་ནས་དགའ་བསུ་ཞུས།

ཞི་ཅིན་ཕེན་གྱིས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སྐབས་བཅོ་བརྒྱད་པའི་ཚབ་མཛད་དེ་ཚོགས་ཆེན་སྟེང་ཕུལ་བའི་སྙན་ཞུ་དེ་ཁག13ལ་དབྱེ་ཡོད་པ་སྟེ། དང་པོ། འདས་ཟིན་པའི་ལོ་ལྔའི་ལས་དོན་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར། གཉིས་པ། དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ཀྱི་ལས་འགན། གསུམ་པ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་གཞི་རྩའི་ཐབས་ཇུས། བཞི་པ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་དགོས་པ་དང་། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་མགོ་ཚུགས་པ། ལྔ་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་པ། དྲུག་པ། མི་དམངས་ཀྱི་རང་ཁྱིམ་རང་བདག་ལམ་ལུགས་ཀྱི་མ་ལག་འཐུས་ཚང་དུ་བཏང་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་འཕེལ་རྒྱས་གཏོང་བ། བདུན་པ། རིག་གནས་ལ་ཡིད་ཆེས་བརྟན་པོ་བཅངས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་བ། བརྒྱད་པ། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པའི་ཆུ་ཚད་ཇེ་མཐོར་བཏང་སྟེ། སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་སྐྲུན་བྱེད་པ། དགུ་པ། སྐྱེ་ཁམས་དཔལ་ཡོན་སྒྲིག་སྲོལ་བཅོས་བསྒྱུར་ཇེ་མགྱོགས་སུ་བཏང་སྟེ། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པ། བཅུ་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དམག་དཔུང་སྟོབས་ཆེར་གཏོང་བའི་བགྲོད་ལམ་ཐོག་སྐྱོད་རྒྱུ་རྒྱུན་འཁྱོངས་དང་། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། བཅུ་གཅིག་པ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”རྒྱུན་འཁྱོངས་ཀྱིས་མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྐུལ་འདེད་གཏོང་བ། བཅུ་གཉིས་པ། ཞི་བའི་འཕེལ་རྒྱས་བགྲོད་ལམ་རྒྱུན་འཁྱོངས་བྱས་ཏེ། མིའི་རིགས་ཀྱི་ལས་དབང་གི་ཐུན་མོང་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་བ། བཅུ་གསུམ་པ། བློ་བརྟན་འགྱུར་མེད་ཀྱིས་ཁྱོན་ཡོངས་ནས་གཟབ་ནན་སྒོས་ཏང་བཅོས་སྐྱོང་བྱས་ཏེ། ཏང་གི་སྲིད་འཛིན་ནུས་པ་དང་མགོ་ཁྲིད་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། 

777.jpg

ཞི་ཅིན་ཕེན་གྱིས་སྙན་ཞུ་ནང་བསྟན་དོན། ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ལོ་ལྔའི་རིང་། ང་ཚོས་བརྟན་པོའི་ཁྲོད་ཡར་རྒྱས་བརྩོན་པའི་བྱ་བའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་དང་། དཀའ་ངལ་ལ་མ་འཛེམས་པར་མདུན་སྐྱོད། གསར་གཏོད་ཡར་བརྩོན་བཅས་བྱས་ཏེ། བཅོས་བསྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ཁྱོན་ཡོངས་ནས་རྣམ་པ་གསར་པ་བཏོད་པ་སྟེ། དཔལ་འབྱོར་འཛུགས་སྐྲུན་ཐད་གྲུབ་འབྲས་ཆེན་པོ་བླངས་པ། ཁྱོན་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བར་འགག་སྒྲོལ་གལ་ཆེན་བྱུང་བ། དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྲུན་ཐད་གོམ་སྟབས་གལ་ཆེན་སྤོས་པ། བསམ་བློ་རིག་གནས་འཛུགས་སྐྲུན་ཐད་འཕེལ་རྒྱས་ཆེན་པོ་བླངས་པ། མི་དམངས་ཀྱི་འཚོ་བ་ཟམ་མི་ཆད་པར་ལེགས་བཅོས་བྱུང་བ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་གྲུབ་འབྲས་མངོན་གསལ་བླངས་པ། དམག་དཔུང་སྟོབས་ཆེར་གཏོང་བ་དང་དམག་དཔུང་དར་རྒྱས་གཏོང་བར་རྣམ་པ་གསར་པ་བཏོད་པ། ཞང་ཀང་དང་ཨོ་མོན། ཐའེ་ཝན་བཅས་ཀྱི་ལས་དོན་ལ་འཕེལ་རྒྱས་གསར་པ་བླངས་པ། ཕྱོགས་ཡོངས་ཀྱི་ཕྱི་འབྲེལ་བཀོད་པ་གཏིང་ཟབ་ཏུ་སྤེལ་བ། ཁྱོན་ཡོངས་ནས་གཟབ་ནན་གྱིས་ཏང་སྐྱོང་བར་གྲུབ་འབྲས་མངོན་གསལ་དོད་པོ་བླངས་པ་དང་དུས་མཚུངས་སུ། ངེས་པར་རིག་པ་གསལ་པོས་ང་ཚོའི་ལས་དོན་ལ་ད་དུང་མི་འདང་བའི་ཆ་མང་པོ་གནས་ཡོད་ལ། དཀའ་ངལ་དང་འགྲན་རྩོད་ཀྱང་མི་ཉུང་བར་འཕྲད་ཡོད་པ་མཐོང་དགོས།

ཞི་ཅིན་ཕེན་གྱིས་གསུང་དོན། ལོ་ལྔའི་རིང་གི་གྲུབ་འབྲས་ནི་ཁྱོན་ཡོངས་དང་གསར་གཏོད་རང་བཞིན་ལྡན་པ་ཞིག་ཡིན། ལོ་ལྔའི་རིང་གི་འཕོ་འགྱུར་ནི་གཏིང་ཟབ་པ་དང་རྩ་བའི་རང་བཞིན་ལྡན་པ་ཞིག་ཡིན། ལོ་ལྔའི་རིང་ལ། རང་རེའི་ཏང་གིས་ཆབ་སྲིད་ཀྱི་བློ་སྟོབས་ཆེན་པོ་དང་འགན་འཁྲི་ཁུར་ཕོད་པའི་ཐོག་ནས། འདུ་ཤེས་གསར་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་པ་དང་། བྱེད་ཕྱོགས་དང་སྲིད་ཇུས་གལ་ཆེན་རབ་དང་རིམ་པ་བཏོན་ཡོད་ལ། བྱེད་ཐབས་གལ་ཆེན་རབ་དང་རིམ་པ་བཏོན་ཡོད་པ་དང་། ལས་དོན་གལ་ཆེན་རབ་དང་རིམ་པར་སྐུལ་འདེད་བཏང་ནས། ཡུན་རིང་ནང་ཐག་གཅོད་བྱེད་དགོས་བསམ་ཀྱང་བྱེད་མ་ཐུབ་པའི་དཀའ་གནད་མང་པོ་ཐག་གཅོད་བྱས་པ་དང་། སྔོན་ཆད་སྒྲུབ་དགོས་བསམས་ཀྱང་སྒྲུབ་ཐུབ་མེད་པའི་བྱ་བ་ཆེན་པོ་མང་པོ་བསྒྲུབས་ཡོད་པས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡོང་རྒྱུར་སྐུལ་འདེད་བཏང་ཡོད། ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་དེ་དག་ནི། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་ལ་མཚོན་ན་གལ་ཆེ་ཞིང་གཏིང་ཟབ་པའི་ཤུགས་རྐྱེན་ལྡན་པ་རེད།

ཞི་ཅིན་ཕེན་གྱིས་བསྟན་དོན། ཡུན་རིང་འབད་བརྩོན་བྱས་པ་བརྒྱུད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ཡོད་པ་དང་། དེ་ནི་རང་རྒྱལ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱི་གནས་བབ་གསར་པ་ཞིག་ཡིན། དེས་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་དེ་མི་དམངས་ཀྱི་ཉིན་རེ་བཞིན་འཕར་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་དང་འཕེལ་རྒྱས་དོ་སྙོམས་མིན་པ་དང་འཕེལ་ཚུལ་མི་བཟང་བའི་བར་གྱི་འགལ་ཟླར་གྱུར་པ་མཚོན་འདུག རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོར་འགྱུར་བ་ཕྱིན་པ་དེས། ང་ཚོས་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་གནས་སའི་ལོ་རྒྱུས་དུས་མཚམས་ལ་བརྡར་ཤ་བཅད་པར་འགྱུར་བ་བྱུང་མེད། རང་རྒྱལ་འདི་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་མཚམས་སུ་གནས་ཡོད་པར་མ་ཟད།ད་དུང་ཡུན་རིང་དུ་གནས་པའི་གཞི་རྩའི་རྒྱལ་ཚུལ་ལ་འགྱུར་བ་བྱུང་མེད། རང་རྒྱལ་ནི་འཛམ་གླིང་ཐོག་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཡིན་པའི་རྒྱལ་སྤྱིའི་གོ་གནས་ལ་འགྱུར་བ་བྱུང་མེད།

333.jpg

ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། ཏང་ཡོངས་ཀྱིས་སྤྱི་ཚོགས་རིང་ལུགས་ཐོག་མའི་དུས་མཚམས་ཀྱི་གཞི་རྩའི་རྒྱལ་ཚུལ་འདི་དམ་འཛིན་ནན་པོ་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཐོག་མའི་དུས་མཚམས་སུ་ཡོད་པའི་དོན་དངོས་ཆེ་ཤོས་འདིར་དམ་པོར་གཞི་ཚུགས་པ། ཏང་གི་གཞི་རྩའི་ལམ་ཕྱོགས་སུ་གྱུར་པའི་ཏང་དང་རྒྱལ་ཁབ་ཀྱི་ཚེ་སྲོག་ལྟ་བུའི་ལམ་ཐིག་དང་། མི་དམངས་བདེ་སྐྱིད་ཡོང་བའི་ལམ་ཐིག་འདི་རྒྱུན་འཁྱོངས་དམ་འཛིན་བྱེད་པ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་སྣེ་ཁྲིད་དང་མཐུན་སྒྲིལ། དཔལ་འབྱོར་འཛུགས་སྐྲུན་གྱིས་ལྟེ་བ་བྱེད་པ། གཞི་རྩའི་རྩ་དོན་བཞི་རྒྱུན་འཁྱོངས། བཅོས་བསྒྱུར་སྒོ་འབྱེད་རྒྱུན་འཁྱོངས། རང་སྟོབས་རང་སྤེལ། དཀའ་སྤྱད་ལས་སྐྲུན་བཅས་བྱས་ཏེ། རང་རྒྱལ་འདི་ཉིད་སྟོབས་འབྱོར་དང་དམངས་གཙོ། དཔལ་ཡོན། འཆམ་མཐུན། མཛེས་སྡུག་ལྡན་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ཆེའི་རྒྱལ་ཁབ་ཅིག་ལ་འཛུགས་སྐྲུན་བྱེད་ཆེད་འབད་འཐབ་བྱེད་དགོས།

དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ལས་འགན་གྱི་སྐོར་ལ། ཞི་ཅིན་ཕེན་གྱིས་བསྟན་དོན། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པ་ནི་ཉེ་རབས་ཚུན་དུ་ཀྲུང་ཧྭ་མི་རིགས་ཀྱི་ཆེས་རླབས་ཆེའི་ཕུགས་འདུན་ཞིག་ཡིན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པ་ནས་བཟུང་། གུང་ཁྲན་རིང་ལུགས་མངོན་འགྱུར་བྱེད་པ་དེ་ཏང་གི་ཆེས་མཐོའི་ཕུགས་བསམ་དང་ཆེས་མཐའ་མཇུག་གི་དམིགས་འབེན་ལ་བརྩིས་ནས། འགྲུབ་འོས་པའི་ལས་འགན་ཕྱིར་བཤོལ་མི་བྱེད་པར་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེར་བསྐྱར་དར་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་ཡོད། ང་ཚོས་ལོ་རྒྱུས་ཐོག་གི་དུས་སྐབས་གང་འདྲ་ཞིག་དང་བསྡུར་ཀྱང་ད་ལྟ་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་འབྱུང་བའི་དམིགས་འབེན་མངོན་འགྱུར་བྱེད་པར་དེ་བས་ཐག་ཉེ་བ་དང་། དེ་བས་སེམས་ཤུགས་དང་ནུས་པ་ལྡན་པ་ཞིག་ཡིན།

ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། རླབས་ཆེའི་ཕུགས་འདུན་མངོན་འགྱུར་འབྱུང་བར་ངེས་པར་རླབས་ཆེའི་འཐབ་རྩོད་བྱེད་དགོས་པ་དང་། རླབས་ཆེའི་ཕུགས་འདུན་མངོན་འགྱུར་འབྱུང་བར་ངེས་པར་རླབས་ཆེའི་བཟོ་འགོད་འཛུགས་སྐྲུན་བྱེད་དགོས། རླབས་ཆེའི་ཕུགས་འདུན་མངོན་འགྱུར་འབྱུང་བར་ངེས་པར་རླབས་ཆེའི་བྱ་གཞག་ལ་སྐུལ་འདེད་གཏོང་དགོས། རླབས་ཆེའི་འཐབ་རྩོད་དང་རླབས་ཆེའི་བཟོ་འགོད། རླབས་ཆེའི་བྱ་གཞག རླབས་ཆེའི་ཕུགས་འདུན་བཅས་བར་འབྲེལ་བ་དམ་ཟབ་ཡོད་པ་དང་། ཕན་ཚུན་གཅིག་འབྲེལ་ཡིན་པ། ཕན་ཚུན་ནུས་པ་ཐོན་གྱི་ཡོད། དེའི་ཁྲོད་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་མཁན་ནི་ཏང་འཛུགས་སྐྲུན་གྱི་རླབས་ཆེའི་བཟོ་འགོད་གསར་པ་དེ་ཡིན།

555.jpg

ཞི་ཅིན་ཕེན་གྱིས“ཁ་གསལ་བརྒྱད”ཅེས་པ་བེད་སྤྱོད་གནང་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློར་རྒྱས་བཤད་གནང་ཡོད། ཁོང་གིས་གསུང་དོན།དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་གོང་འཕེལ་དང་རྒྱུན་འཁྱོངས་བྱ་རྒྱུ་གསལ་པོ་བཏོན་པ་དང་། སྤྱིའི་ལས་འགན་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བ་བྱ་རྒྱུ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྨང་གཞིའི་སྟེང་རིམ་པ་གཉིས་ལ་དབྱེ་ནས་དུས་རབས་འདིའི་དུས་དཀྱིལ་དུ་འབྱོར་ཕྱུག་དང་དམངས་གཙོ། དཔལ་ཡོན། འཆམ་མཐུན། མཛེས་སྡུག་ལྡན་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱ་རྒྱུ་དེ་རེད།

ཞི་ཅིན་ཕེན་གྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ནི་མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་རྒྱུན་འཛིན་དང་གོང་འཕེལ་བཏང་བ་དང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་བཏང་བའི་གྲུབ་འབྲས་གསར་ཤོས། ཏང་དང་མི་དམངས་ཀྱི་ལག་ལེན་ཉམས་མྱོང་དང་ཐུན་མོང་གི་བློ་གྲོས་གཅིག་སྡུད་བྱས་པའི་ཉིང་བཅུད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་གི་གྲུབ་ཆ་གལ་ཆེན། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ཆེད་འབད་འཐབ་བྱེད་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་བཅས་ཡིན་པས་ངེས་པར་ཡུན་རིང་རྒྱུན་འཁྱོངས་བྱེད་དགོས་པར་མ་ཟད་རྒྱུན་མི་ཆད་པར་གོང་འཕེལ་གཏོང་དགོས་ཞེས་གསུངས་ཡོད།

ཞི་ཅིན་ཕེན་གྱིས་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་གོང་འཕེལ་གཏོང་བའི་གཞི་རྩའི་ཐབས་ཇུས་གྲུབ་པའི“རྒྱུན་འཁྱོངས་བྱེད་དགོས་པའི་དོན་ཚན་བཅུ་བཞི”ཞེས་པར་རྒྱས་བཤད་གནང་ཡོད་པ་སྟེ། ཏང་གིས་ལས་དོན་མཐའ་དག་ལ་མགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་། མི་དམངས་ལྟེ་བ་བྱ་རྒྱུ་རྒྱུན་འཁྱོངས། ཁྱོན་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་རྒྱུ་རྒྱུན་འཁྱོངས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས། མི་དམངས་རང་ཁྱིམ་རང་བདག་བྱེད་རྒྱུ་རྒྱུན་འཁྱོངས། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་རྒྱུན་འཁྱོངས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་མ་ལག་རྒྱུན་འཁྱོངས། འཕེལ་རྒྱས་ཁྲོད་དམངས་ཀྱི་འཚོ་བ་འགན་སྲུང་དང་ལེགས་བཅོས་བྱ་རྒྱུ་རྒྱུན་འཁྱོངས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་རྒྱུ་རྒྱུན་འཁྱོངས། སྤྱི་ཁོག་གི་རྒྱལ་ཁབ་བདེ་འཇགས་ལྟ་བ་རྒྱུན་འཁྱོངས། ཏང་གིས་མི་དམངས་དམག་དཔུང་ལ་མཐའ་གཅིག་ཏུ་མགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཞེས་པ་དང་མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས། མིའི་རིགས་ཀྱི་ལས་དབང་གི་ཐུན་མོང་མ་ལག་འཛུགས་པར་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱ་རྒྱུ་རྒྱུན་འཁྱོངས་བཅས་ཡིན་པ་རེད།

ཞི་ཅིན་ཕེན་གྱིས“ལོ་བརྒྱ་ཕྲག་གཉིས”ཀྱི་འབད་བརྩོན་དམིགས་འབེན་སྐོར་གླེང་སྐབས་བཅོས་བསྒྱུར་སྒོ་འབྱེད་བྱས་རྗེས་རང་རེའི་ཏང་གིས་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ཐད་འཐབ་ཇུས་བཀོད་སྒྲིག་གནང་སྟེ“རིམ་པ་གསུམ”ཞེས་པའི་འཐབ་ཇུས་དམིགས་འབེན་བཏོན་ཡོད།

མི་དམངས་ཀྱི་ལྟོ་གོས་ཀྱི་གནད་དོན་ཐག་གཅོད་དང་། མི་དམངས་ཀྱི་འཚོ་བ་སྤྱིའི་ཆ་ནས་འབྱོར་འབྲིང་ཆུ་ཚད་ལ་སླེབས་པའི་དམིགས་འབེན་དེ་གཉིས་པོ་སྔ་སྣུར་དུ་མངོན་འགྱུར་བྱུང་ཡོད། ད་ལྟ་ནས་སྤྱི་ལོ2020ལོའི་བར་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་དུས་མཚམས་ཡིན། ཏང་གི་ཚོགས་ཆེན་བཅུ་དགུ་པ་ནས་ཉི་ཤུ་པའི་བར་ནི“ལོ་བརྒྱ་ཕྲག་གཉིས”ཀྱི་འབད་བརྩོན་དམིགས་འབེན་གྱི་ལོ་རྒྱུས་བསྣོལ་མཚམས་ཡིན། ང་ཚོས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང་། ལོ་བརྒྱའི་འབད་བརྩོན་དམིགས་འབེན་དང་པོ་མངོན་འགྱུར་ཡོང་བ་བྱེད་དགོས་པར་མ་ཟད། འཕེལ་ཕྱོགས་དང་བསྟུན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་གསར་པ་མགོ་བཙུགས་ཏེ། ལོ་བརྒྱ་ཕྲག་གཉིས་པའི་འབད་བརྩོན་དམིགས་འབེན་ཕྱོགས་ལ་བསྐྱོད་དགོས་ཞེས་གསུངས་ཡོད་པ་རེད།

ཞི་ཅིན་ཕེན་གྱིས་སྤྱི་ལོ2020ལོ་ནས་དུས་རབས་འདིའི་དུས་དཀྱིལ་བར་དུ་དུས་མཚམས་གཉིས་སུ་ཕྱེས་ནས་བཀོད་སྒྲིག་བྱས་ཆོག དུས་མཚམས་དང་པོ་ནི2020ལོ་ནས2035ལོའི་བར་དུ་ཡིན་པ་དང་། དེའི་རིང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྨང་གཞིའི་ཐོག ཡང་བསྐྱར་ལོ་བཅོ་ལྔའི་རིང་འབད་བརྩོན་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་ཕལ་ཆེར་མངོན་འགྱུར་བྱ་དགོས། དུས་མཚམས་གཉིས་པ་ནི་སྤྱི་ལོ2035ལོ་ནས་དུས་རབས་འདིའི་དུས་དཀྱིལ་བར་དུ་ཡིན་ཞིང་། དེའི་རིང་དེང་རབས་ཅན་ཕལ་ཆེར་མངོན་འགྱུར་ཡོང་བའི་རྨང་གཞིའི་ཐོག སླར་ཡར་ལོ་བཅོ་ལྔར་འབད་བརྩོན་བྱས་ཏེ་རང་རྒྱལ་འབྱོར་ཕྱུག་དང་དམངས་འཚོ་། དཔལ་ཡོན། འཆམ་མཐུན། མཛེས་སྡུག་ལྡན་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ཆེན་རྒྱལ་ཁབ་ཅིག་ཏུ་འཛུགས་སྐྲུན་བྱེད་དགོས་ཞེས་བསྟན།

ཞི་ཅིན་ཕེན་གྱིས་ཁོང་གིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་ནས་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་པ་དང་། མཁོ་འདོན་ཐད་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བ། གསར་གཏོད་ཅན་གྱི་རྒྱལ་ཁབ་གང་མགྱོགས་ཀྱིས་འཛུགས་པ། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ། ས་ཁོངས་མཐུན་སྦྱོར་གོང་འཕེལ་ཡོང་བའི་འཐབ་ཇུས་ལག་བསྟར་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་གང་མགྱོགས་ངང་འཐུས་སྒོ་ཇེ་ཚང་དུ་གཏོང་བ་བཅས་བྱས་ནས། ཁྱོན་ཡོངས་ནས་སྒོ་མོ་ཕྱེ་བའི་རྣམ་པ་གསར་པ་ཆགས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན།

ཞི་ཅིན་ཕེན་གྱིས་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་ནང་དོན་གོང་འཕེལ་གཏོང་བ་སྟེ། དང་པོ། ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་ནུས་ལྡན་ཐུབ་པ་བྱ་དགོས། གཉིས་པ། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ལམ་ལུགས་འགན་སྲུང་ལ་ཤུགས་སྣོན་རྒྱག་དགོས། གསུམ་པ། སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་ནུས་པ་གལ་ཆེན་འདོན་སྤེལ་བྱ་དགོས། བཞི་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལག་ལེན་གཏིང་ཟབ་ཏུ་གཏོང་དགོས། ལྔ་པ། ལས་ཁུངས་དང་སྲིད་འཛིན་སྒྲིག་གཞིའི་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་དགོས། དྲུག་པ། རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་གོང་འཕེལ་གཏོང་དགོས་ཞེས་གསུངས།

ཞི་ཅིན་ཕེན་གྱིས་རིག་གནས་ལ་ཡིད་ཆེས་བརྟན་པོ་བཅངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་ཞིང་རྒྱས་རྒྱུར་སྐུལ་འདེད་གཏོང་དགོས། འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་ལ་མགོ་ཁྲིད་བྱེད་པའི་དབང་ཆ་དམ་པོར་འཛིན་དགོས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་ལེན་བསྟར་བ། བསམ་བློ་ཀུན་སྤྱོད་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་དར་རྒྱས་གོང་འཕེལ་གཏོང་བ་བཅས་བྱས་ནས་རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་བྱེད་དགོས་ཞེས་བསྟན།

ཞི་ཅིན་ཕེན་གྱིས་དམངས་འཚོ་ལ་འགན་སྲུང་དང་ལེགས་བཅོས་བྱེད་པའི་ཆུ་ཚད་ཇེ་ཆེར་བཏང་སྟེ། སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་གཏོད་བྱ་དགོས། སྔོན་ལ་སློབ་གསོའི་བྱ་གཞག་གོང་འཕེལ་གཏོང་བ་དང་། ལས་ཞུགས་སྤུས་ཚད་དང་མི་དམངས་མང་ཚོགས་ཀྱི་ཡོང་འབབ་ཆུ་ཚད་ཇེ་མཐོར་གཏོང་བ། སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་རྒྱུར་ཤུགས་སྣོན་རྒྱག་པ། དབུལ་ཐར་འགག་སྒྲོལ་ལ་རྒྱལ་ཁ་ལེན་པ། བདེ་ཐང་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ལག་ལེན་བསྟར་བ། མཉམ་འཛུགས་དང་ མཉམ་བཅོས་དང་མཉམ་སྤྱོད་བཅས་ཐུབ་པའི་སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་བསྐྲུན་པ་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་འགན་སྲུང་ནུས་ལྡན་བྱ་དགོས་ཞེས་ནན་གྱིས་བསྟན།

ཞི་ཅིན་ཕེན་གྱིས་སྐྱེ་ཁམས་དཔལ་ཡོན་སྒྲིག་སྲོལ་བཅོས་བསྒྱུར་བྱེད་ཚད་ཇེ་མགྱོགས་སུ་བཏང་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱ་དགོས། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཁོར་ཡུག་གི་གནད་དོན་ཐག་གཅོད་ཅི་ཐུབ་བྱེད་པ། སྐྱེ་ཁམས་མ་ལག་ལ་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྐྱེ་ཁམས་ཁོར་ཡུག་གི་ལྟ་སྐུལ་དོ་དམ་སྒྲིག་སྲོལ་བཅོས་བསྒྱུར་བྱ་དགོས་ཞེས་བཏོན་ཡོད།

ཞི་ཅིན་ཕེན་གྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྟོབས་ཆེའི་དམག་དཔུང་འཛུགས་རྒྱུའི་ལམ་བུའི་ཐོག་སྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་ཁྱོན་ཡོངས་ནས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས། ངེས་པར་ཁྱོན་ཡོངས་ནས་དུས་རབས་གསར་པའི་ཏང་གི་སྟོབས་ཆེའི་དམག་དཔུང་འཛུགས་སྐྱོང་བསམ་བློ་ལག་བསྟར་བྱེད་པ་དང་དུས་བབ་གསར་པའི་འོག་གི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་བྱེད་པ། སྟོབས་ཆེའི་དེང་རབས་ཅན་གྱི་སྐམ་དམག་དང་མཚོ་དམག མཁའ་དམག མེ་ཤུགས་འཕུར་མདའི་དམག འཐབ་ཇུས་རོགས་སྐྱོར་དཔུང་སྡེ་བཅས་འཛུགས་སྐྱོང་བྱེད་པ། དཔའ་ངར་ཆེ་བ་དང་ལས་ཕྱོད་མཐོ་བའི་དམག་འཐབ་ཁུལ་གྱི་མཉམ་སྦྲེལ་དམག་འཐབ་བཀོད་འདོམས་ལས་ཁུངས་བཙུགས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་དམག་འཐབ་མ་ལག་བཙུགས་ཐོག་ཏང་དང་མི་དམངས་ཀྱིས་སྤྲད་པའི་དུས་རབས་གསར་པའི་འགན་འཁྲི་དང་ལས་འགན་ཡག་པོ་འཁུར་དགོས་ཞེས་གསུངས་ཡོད།

ཞི་ཅིན་ཕེན་གྱིས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཞེས་པ་རྒྱུན་འཁྱོངས་བྱེད་པ་དང་མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྐུལ་འདེད་གཏོང་དགོས། ཞང་ཀང་དང་ཨོ་མོན་ཡུན་རིང་དར་རྒྱས་དང་བརྟན་བརླིང་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཞང་ཀང་དང་ཨོ་མོན་རྒྱལ་ཁབ་གོང་འཕེལ་གྱི་གནས་བབ་ཧྲིལ་པོའི་ནང་ཞུགས་རྒྱུར་རྒྱབ་སྐྱོར་བྱེད་པ། རྒྱལ་གཅེས་དང་ཞང་ཀང་ལ་གཅེས་པ། ཨའོ་མོན་ལ་གཅེས་པ་བཅས་ཀྱི་སྟོབས་ཤུགས་ཆེ་རུ་བཏང་ནས། ཞང་ཀང་དང་ཨོ་མོན་གྱི་སྤུན་ཟླ་རྣམས་ཀྱིས་མེས་རྒྱལ་གྱི་མི་དམངས་དང་མཉམ་དུ་མི་རིགས་བསྐྱར་དར་གྱི་ལོ་རྒྱུས་འགན་འཁྲི་འཁུར་བ་དང་མེས་རྒྱལ་དར་རྒྱས་སྟོབས་འབྱོར་ལྡན་པའི་རླབས་ཆེན་གཟི་བརྗིད་མཉམ་སྤྱོད་བྱེད་དུ་འཇུག་དགོས། མུ་མཐུད་དུ“ཞི་བདེ་གཅིག་གྱུར་དང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་མཚོ་འགག་ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་མེས་རྒྱལ་ཞི་བདེ་གཅིག་གྱུར་ཡོང་བའི་འཕེལ་རིམ་ལ་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ས་ཆ་ཆ་ཚང་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་པ་དང་། རྒྱལ་ཁབ་ཁ་བྲལ་གྱི་ལོ་རྒྱུས་ཀྱི་སྐྱོ་གར་བསྐྱར་འཁྲབ་བྱེད་དུ་གཏན་ནས་འཇུག་མི་རུང་ཞེས་བསྟན།

444.jpg

ཞི་ཅིན་ཕེན་གྱིས་ཞི་བདེ་གོང་འཕེལ་གྱི་འགྲོ་ལམ་ཐོག་སྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་མིའི་རིགས་ཀྱི་ལས་དབང་གི་ཐུན་མོང་མ་ལག་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་གོས་ཞི་བདེ་དང་གོང་འཕེལ། མཉམ་ལས། མཉམ་རྒྱལ་བཅས་ཀྱི་དར་ཆ་མཐོན་པོར་སྒྲེང་པ་དང་།འཛམ་གླིང་གི་ཞི་བདེ་སྲུང་སྐྱོབ་དང་མཉམ་དུ་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ཕྱི་འབྲེལ་སྲིད་ཇུས་ཀྱི་སྤྱིའི་དགོངས་དོན་བརྟན་སྲུང་བྱས་ཏེ།བློ་བརྟན་འགྱུར་མེད་ངང་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔའི་རྨང་གཞིའི་ཐོག་རྒྱལ་ཁབ་གཞན་དག་དང་མཛའ་གྲོགས་མཉམ་ལས་བྱེད་པའི་འབྲེལ་བ་གོང་འཕེལ་གཏོང་བ་དང་། ཕན་ཚུན་བརྩི་འཇོག་དང་གཞུང་དྲང་དྲང་བདེན། མཉམ་ལས་མཉམ་རྒྱལ་བཅས་ཀྱི་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན།

ཞི་ཅིན་ཕེན་གྱིས་བློ་བརྟན་འགྱུར་མེད་ངང་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱས་ཏེ་ཏང་གི་སྲིད་འཛིན་ནུས་པ་དང་མགོ་ཁྲིད་ཆུ་ཚད་རྒྱུན་མི་ཆད་པར་མཐོ་རུ་འདེགས་དགོས་ཞེས་ནན་གྱིས་བསྟན།

ཞི་ཅིན་ཕེན་གྱིས་དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་དང་དེ་མིན་ངེས་པར་དམ་འཛིན་ཡག་པོ་བྱེད་དགོས་པའི་ཕྱོགས་བརྒྱད་ཀྱི་ལས་འགན་གལ་ཆེན་བཏོན་པ་སྟེ། དང་པོ་ནི་ཏང་གི་ཆབ་སྲིད་འཛུགས་སྐྲུན་ཨང་དང་པོར་འཇོག་པ། གཉིས་པ་ནི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློས་ཏང་ཡོངས་ལ་དྲག་ཆས་སྤྲ་པ། གསུམ་པ་ནི་བྱང་ཚད་མཐོ་བ་དང་ཆེད་ལས་ཅན་གྱི་ལས་བྱེད་དཔུང་ཁག་འཛུགས་སྐྲུན་བྱེད་པ། བཞི་པ་ནི་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། ལྔ་པ་ནི་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྤྱོད་གཙང་དར་སྤེལ་དང་སྒྲིག་ཁྲིམས་ནན་སྲུང་བྱེད་པ། དྲུག་པ་ནི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལས་རྣམ་པར་རྒྱལ་བར་བྱེད་པ། བདུན་པ་ནི་ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་འཐུས་ཚང་དུ་གཏོང་བ། བརྒྱད་པ་ནི་སྲིད་སྐྱོང་གི་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏོང་དགོས་པ་བཅས་བཏོན་ཡོད།

ཞི་ཅིན་ཕེན་གྱིས་སྙན་ཞུ་ཕུལ་བའི་བརྒྱུད་རིམ་ཁྲོད་ཚོགས་ར་ཡོངས་སུ་སྤྲོ་སེམས་རབ་ཏུ་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས།

རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ3000ལྷག་གིས་ཚོགས་ཆེན་བཅུ་དགུ་པ་མགོ་བརྩམས་པའི་གནས་ཚུལ་བཅར་འདྲི་བྱས་ཏེ་སྤེལ་བ་རེད། །

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།