ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་གྱི་རྒྱལ་ས་ནས་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ་མི་གསུམ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་ནང་སྲིད་པུའུ་ཡི་མགྲིན་ཚབ་པས་ཚེས་ཉེར་བརྒྱད་ཉིན་གྱི་དགོང་མོར་བདེན་དཔང་བྱས་དོན། རྒྱལ་ས་ཁཱ་པོར་ནས་ཉིན་དེའི་དགོང་མོར་ཉེན་རྟོག་པའི་རླངས་འཁོར་ལ་དམིགས་པའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ། མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་དྲུག་ལ་རྨས་ཕོག་ཟེར།

ནང་སྲིད་པུའུ་ཡི་མགྲིན་ཚབ་པ་ཏཱ་ནེ་ཧྲི་ཡིས་བཤད་རྒྱུར། འགས་གཏོར་དོན་རྐྱེན་དེ་ས་སྲོད་ཀྱི་དུས་ཚོད་དྲུག་དང་སྐར་མ་སུམ་ཅུའི་ཡས་མས་སུ། འགད་རྫས་ཤིག་ཉེན་རྟོག་པའི་རླངས་འཁོར་སྟེང་བཞག་སྟེ། དོན་རྐྱེན་བྱུང་སྐབས་ཉེན་རྟོག་པའི་རླངས་འཁོར་དེ་ཁཱ་པོར་གྱི་འདུ་འཛི་ཆེ་བའི་གྲོང་ཁུལ་ཞིག་ལ་བགྲོད་བཞིན་ཡོད། འགས་གཏོར་དེ་ལས་ཉེན་རྟོག་པ་གཉིས་དང་མི་སེར་དཀྱུས་མ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་ཉེན་རྟོག་པ་གཉིས་དང་མི་སེར་དཀྱུས་མ་བཅུ་བཞིར་རྨས་ཕོག ཉེན་རྟོག་པའི་རླངས་འཁོར་ལ་གཏོར་བརླག་ཚབས་ཆེན་ཐེབས་ཡོད།

མིག་སྔར་རྩ་འཛུགས་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁས་ལེན་བྱས་མེད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།