ཀྲུང་གོ་བོད་ཀྱི་དྲ་བ།

ཧྥན་ཁྲང་ལུང་གིས་ཨ་མེ་རི་ཁའི་དམག་དཔུང་གི་ཇུས་འདོན་དཔོན་མཉམ་འབྲེལ་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཏིན་ཧྥུའུ་ཏི་སོགས་ལ་ཐུག་འཕྲད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-08-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཧྥན་ཁྲང་ལུང་གིས་ཚེས་བཅུ་བདུན་ཉིན་པེ་ཅིན་ནས་ཨ་མེ་རི་ཁའི་དམག་དཔུང་གི་ཇུས་འདོན་དཔོན་མཉམ་འབྲེལ་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཏིན་ཧྥུའུ་ཏི་སོགས་ལ་ཐུག་འཕྲད་བྱས།

ཧྥན་ཁྲང་ལུང་གིས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། ཀྲུང་གོ་དང་ཨ་མེ་རི་ཁའི་དམག་དཔུང་གཉིས་བར་གྱི་འབྲེལ་བ་རྒྱུན་བསྲིང་དང་བདེ་བླག་སྒོས་འཕེལ་རྒྱས་སུ་སོང་བ་དང་། རིམ་པ་སོ་སོའི་གྲོས་མོལ་རྒྱུན་ལྡན་དུ་སྒྱུར་བ། དམག་དོན་ཐད་ནས་ཕན་ཚུན་ལ་ཡིད་ཆེས་བྱེད་པའི་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ཡོད་མོད། འོན་ཀྱང་མི་ལེགས་པའི་རྒྱུ་རྐྱེན་ཁ་ཤས་གནས་ཡོད་པས། ང་ཚོས་ཨ་མེ་རི་ཁ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མགོ་གཙོ་བར་གྲོས་མཐུན་བྱུང་བའི་ཐུན་མོང་གི་ལྟ་བ་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དང་། དམག་དཔུང་གཉིས་བར་གྱི་མཉམ་ལས་དེས་རྒྱལ་ཁབ་གཉིས་ཀྱི་སྤྱིའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་དྲང་ཕྱོགས་ཀྱི་ནུས་ཚད་འདོན་སྤེལ་བྱེད་དུ་འཇུག་འདོད་ཡོད་ཟེར།

ཧྥན་ཁྲང་ལུང་གིས་ནན་གྱིས་བཤད་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་གྲོས་མོལ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་ནི་ཕྱེད་གླིང་གནད་དོན་ཐག་གཅོད་བྱེད་པའི་ཕན་ཡོད་བྱེད་ཐབས་ཁོ་ན་ཡིན་པར་སྙམ་ཡོད་པས། ཨ་མེ་རི་ཁ་དང་ཀྲུང་གོ་ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་ནས། ཁྲའོ་ཞན་ཉིང་རྡུལ་གནད་དོན་དང་ཕྱེད་གླིང་གི་ཞི་བདེ་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པར་ནུས་པ་བཟང་བོ་འདོན་སྤེལ་བྱེད་པར་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན།

ཏིན་ཧྥུའུ་ཏི་ཡིས་བཤད་རྒྱུར། ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོ་བར་གྱི་ཁྱབ་ཁོངས་སོ་སོའི་དངོས་གཉེར་བརྗེ་རེས་དང་མཉམ་ལས་ལ་ཤུགས་བསྣན་ཏེ། འགལ་བ་མེད་པར་གཏོང་བ་དང་། ཉེན་ཁར་དོ་དམ་དང་ཚོད་འཛིན་བྱས་ནས། ཨ་མེ་རི་ཁ་དང་ཀྲུང་གོ་གཉིས་ཀྱི་དམག་དཔུང་བར་གྱི་འབྲེལ་བ་བརྟན་འཇགས་སྒོས་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།