ཀྲུང་གོ་བོད་ཀྱི་དྲ་བ།

ཀྲང་ཏི་ཅང་གིས་ཧུའུ་ནན་གྱི་སྲ་གཟུགས་སྙིགས་རོས་ཁོར་ཡུག་བཙོག་བཟོ་བྱེད་པར་འགོག་བཅོས་བྱེད་པའི་བཅའ་ཁྲིམས་ལག་བསྟར་བྱེད་པའི་གནས་ཚུལ་ལ་ཞིབ་བཤེར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-08-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་ཧུའུ་ནན་དུ་སོང་ནས་སྲ་གཟུགས་སྙིགས་རོས་ཁོར་ཡུག་བཙོག་བཟོ་བྱེད་པར་འགོག་བཅོས་བྱེད་པའི་བཅའ་ཁྲིམས་ལག་བསྟར་བྱེད་པའི་གནས་ཚུལ་ལ་ཞིབ་བཤེར་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་གཏམ་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྲ་གཟུགས་སྙིགས་རོས་ཁོར་ཡུག་བཙོག་བཟོ་བྱེད་པར་འགོག་བཅོས་བྱེད་པའི་བཅའ་ཁྲིམས་ཁྱོན་ཡོངས་དང་ཡང་དག་པར་ལག་བསྟར་བྱེད་པ། སྲ་གཟུགས་སྙིགས་རོའི་བཙོག་བཟོ་ལ་འགོག་བཅོས་བྱེད་པའི་བྱ་བ་མཐུན་སྦྱོར་ངང་སྤེལ་ནས། སྐྱེ་ཁམས་སྲུང་སྐྱོབ་དང་བཙོག་བཟོ་འགོག་བཅོས་ཐད་ནས་གྲུབ་འབྲས་བཟང་བོ་ལེན་དགོས་ཟེར།

ཟླ་བརྒྱད་པའི་ཚེས་བཅུ་བཞི་ཉིན་ནས་ཚེས་བཅུ་དྲུག་ཉིན་བར། ཀྲང་ཏི་ཅང་གིས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛིན་ཚན་ཆུང་ཁྲིད་དེ་ཁྲིན་ཀྲིག་དང་དབྱི་ཡང་། ཁྲང་ཧྲ་སོགས་སུ་སོང་ནས་ཁྲིམས་འཛིན་ཞིབ་བཤེར་བྱས། ཀྲང་ཏི་ཅང་གིས་ཁྲིན་ཀྲིག་གྲོང་ཁྱེར་ཡོང་ཞིན་རྫོང་མཁར་གྲོང་རིག་ནུས་ཁོར་སྲུང་གད་སྙིགས་ཐག་གཅོད་ལྟེ་གནས་དང་དབྱི་ཡང་གྲོང་ཁྱེར་ཀའོ་ཞིན་ཁུལ་འཚོ་བའི་གད་སྙིགས་མེར་བསྲེག་གློག་འདོན་བཟོ་གྲྭ  ཙི་ཡང་ཁུལ་ཁྲང་ཁྲུན་གྲོང་རྡལ་ཙི་ཝེ་སྡེ་བ་དང་ཁྲང་ཧྲ་རྫོང་ཞིང་ཕྱུགས་ཁེ་ལས་བཅས་སུ་རྟོག་ཞིབ་བྱས་ནས། གད་སྙིགས་དང་སྒོ་ཟོག་གསོ་སྤེལ་ཐད་ཀྱི་སྙིགས་རོ་ཐག་གཅོད་གནས་ཚུལ་ལ་རྒྱུས་ལོན་བྱས། ཁོས་ནན་གྱིས་བསྟན་དོན། གད་སྙིགས་རིགས་བགར་བའི་ལམ་ལུགས་ལག་བསྟར་བྱེད་པ་དང་། མཁར་གྲོང་འཚོ་བའི་གད་སྙིགས་གཞི་གཅིག་ཅན་དུ་བསྒྱུར་ནས་ཐག་གཅོད་པར་འཚོལ་ཞིབ་བྱེད་པ། སྒོ་ཟོག་གསོ་སྤེལ་ཐད་ཀྱི་སྙིགས་རོ་ཐོན་ཁུངས་ཅན་དུ་བསྒྱུར་ནས་བཀོལ་སྤྱོད་བྱས་ཏེ། ཐོན་སྐྱེད་འཚོ་བའི་ཁོར་ཡུག་བཟང་བོ་བསྐྲུན་དགོས་ཟེར། ཀྲང་ཏི་ཅང་ཁྲིན་ཀྲིག་མདོག་ལྡན་ལྕགས་རིགས་གཏེར་རི་དང་བཙོ་སྦྱོང་ཐད་ཀྱི་སྙིགས་རོ་ཐག་གཅོད་བྱེད་པའི་ཁེ་ལས་སུ་སོང་ནས། གཏེར་ཁུངས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་དང་ཉེན་ཆེ་སྙིགས་རོ་ཐག་གཅོད་པའི་གནས་ཚུལ་ཐད་ནས་རྟོག་ཞིབ་གསལ་བོ་བྱས། ཁོས་བཤད་རྒྱུར། ཉེན་ཆེ་སྙིགས་རོས་ཁོར་ཡུག་ལ་བཙོག་བཟོ་བྱེད་པར་འགོག་བཅོས་བྱེད་པའི་བྱ་བ་དམ་འཛིན་བྱེད་པ་དང་། གཏེར་ཁུངས་ཀྱི་ཉེན་བརྡ་དང་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་པ། ཉེན་ཆེ་སྙིགས་རོ་རིན་ཐང་ཅན་དུ་བསྒྱུར་ནས། ཉེན་ཆེ་སྙིགས་རོས་ཚེ་སྲོག་བདེ་འཇགས་དང་རྒྱུ་ནོར་བདེ་འཇགས་ལ་གནོད་སྐྱེལ་བར་གཏན་ནས་བཀག་འགོག་བྱེད་དགོས་ཟེར། ཁྲང་ཧྲ་གོ་མཚོན་བཟོ་སྐྲུན་དང་ཚན་རྩལ་ཁེ་ལས་སུ། ཀྲང་ཏི་ཅང་གིས་བཟོ་ལས་ཀྱི་སྲ་གཟུགས་སྙིགས་རོ་དང་ཨར་ལས་གད་སྙིགས། གློག་གཡུས་རྙིང་བ་དང་ཁྱིམ་སྤྱོད་གློག་ཆས་སོགས་ཐོན་ཁུངས་ཅན་གྱི་ལས་གཞི་གནས་ཚུལ་ཐད་ནས་རྒྱུས་ལོན་གསལ་བོ་བྱས། ཁོས་བཤད་རྒྱུར། ས་གནས་དེའི་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས། བཟོ་ལས་ཀྱི་སྲ་གཟུགས་སྙིགས་རོ་ཕྱོགས་བསྡུས་བཀོལ་སྤྱོད་བྱེད་པའི་ཐོན་ལས་སྦྲེལ་ཐག་གྲུབ་པར་བྱེད་པ་དང་། ལྗང་མདོག་བཟོ་ལས་དང་འཁོར་བསྐྱོད་དཔལ་འབྱོར་ཆུ་ཚད་མཐོར་འདེགས་བྱེད་དགོས་ཟེར།

ཞིབ་བཤེར་བྱེད་སྐབས། ཀྲང་ཏི་ཅང་གིས་ཧུའུ་ནན་ཞིང་ཆེན་གྱིས་སྲ་གཟུགས་སྙིགས་རོས་ཁོར་ཡུག་བཙོག་བཟོ་བྱེད་པར་འགོག་བཅོས་བྱེད་པའི་བཅའ་ཁྲིམས་ལག་བསྟར་བྱེད་པའི་བྱ་བའི་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན། ཁོས་ནན་གྱིས་བསྟན་དོན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་ངང་འཕེལ་རྒྱས་སུ་གཏོང་བའི་སྤྱི་ཡོངས་ལ་རྐང་འཛུགས་པ་དང་། སྲ་གཟུགས་སྙིགས་རོའི་བཙོག་བཟོ་འགོག་བཅོས་བྱ་བར་ཤུགས་བསྣན་ནས། བཙོག་བཟོ་བཅོས་སྐྱོང་ཁྲིམས་སྐྱོང་ཅན་དུ་བསྒྱུར་བའི་ཆུ་ཚད་མཐོར་འདེགས་བྱེད་དགོས། གཅིག་ནས་བྱ་བའི་རྨང་གཞི་བརྟན་པོ་འདིངས་པ་དང་། བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ཁྲིམས་འཛིན་ནུས་པ་མཐོར་འདེགས་བྱེད་པ། བཙོག་བཟོ་ཐད་ཀྱི་འགན་འཁྲི་གཙོ་བོ་ཇེ་དྲག་ཏུ་གཏོང་བ། བཙོག་བཟོ་བྱེད་མཁན་གྱིས་ཁྲིམས་ལྟར་འགན་ཁུར་བའི་རྩ་དོན་རྒྱུན་འཁྱོངས་བྱེད་པ། སྲ་གཟུགས་སྙིགས་རོས་ཁོར་ཡུག་བཙོག་བཟོ་བྱེད་པར་འགོག་བཅོས་བྱེད་པའི་བཅའ་ཁྲིམས་ལག་བསྟར་བྱེད་པའི་རང་རྟོགས་རང་བཞིན་ཇེ་དྲག་ཏུ་བཏང་སྟེ། སྤྱི་ཚོགས་ཡོངས་ཀྱི་ཁོར་ཡུག་འདུ་ཤེས་མཐོར་འདེགས་བྱེད་དགོས། གཉིས་ནས་གནད་དོན་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཉེན་ཆེ་སྙིགས་རོ་ཐག་གཅོད་པའི་སྒྲིག་ཆས་འཛུགས་སྐྲུན་བྱེད་པར་འཆར་འགོད་བྱེད་པ། བཟོ་ལས་ཀྱི་སྲ་གཟུགས་སྙིགས་རོ་འབྱུང་ཚད་དང་ཉེན་ཁའི་རང་བཞིན་ཇེ་ཉུང་དུ་གཏོང་བ། ཞིང་ལས་ཐད་ཀྱི་བཙོག་བཟོ་བཅོས་སྐྱོང་གཏིང་ཟབ་ཏུ་སྤེལ་ནས། མཁར་གྲོང་གི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ཐད་ཁྱོན་ཡོངས་ནས་ཤུགས་སྣོན་དགོས། གསུམ་ནས་གཅིག་གྱུར་མཐུན་སྦྱོར་ངང་སྤེལ་བ་དང་། སྲིད་གཞུང་དང་ཁེ་ལས། མང་ཚོགས་ཀྱིས་མཉམ་དུ་ཁོར་ཡུག་སྲུང་སྐྱོབ་དང་བཅོས་སྐྱོང་བྱེད་པར་ཤུགས་སྣོན་པ། སྲིད་གཞུང་གི་སྡེ་ཁག་སོ་སོས་བཙོག་བཟོ་ལ་འགོག་བཅོས་བྱེད་པའི་སྲིད་ཇུས་ཐད་ཀྱི་གཞོགས་འདེགས་ལ་ཤུགས་སྣོན་པ། སྲ་གཟུགས་སྙིགས་རོ་ཇེ་ཉུང་དུ་གཏོང་བ་དང་ཐོན་ཁུངས་ཅན་དང་གནོད་མེད་ཅན་དུ་བསྒྱུར་བ། སྲ་གཟུགས་སྙིགས་རོ་དང་མཁའ་དབུགས། ཆུ། ས་ཞིང་བཅས་ཀྱི་བཙོག་བཟོ་ལ་འགོག་བཅོས་ནན་མོ་བྱེད་པ། ཁོར་ཡུག་བཙོག་བཟོ་བྱེད་པར་བཀག་འགོག་བྱས་ནས། སྐྱེ་ཁམས་ཁོར་ཡུག་སྤྱི་ཁོག་ནས་ཇེ་ལེགས་སུ་གཏོང་བར་སྐུལ་འདེད་གཏོང་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།