ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་ཆེན་ནང་སྲིད་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་གྱི་ཁྲིམས་འཛིན་བཅོས་སྒྱུར་གནས་ཚུལ་ལ་ཆེད་དོན་རྟོག་ཞིབ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བདུན་པའི་ཟླ་སྟོད་ལ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ནང་སྲིད་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཏུན་ཁྲང་ཡུག་གིས་ཞིབ་བཤེར་ཚན་ཆུང་གི་སྣེ་ཁྲིད་དེ་མཚོ་སྔོན་ཞིང་ཆེན་གྱི་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གཉིས་ཀྱིས་ཁྱོན་ཡོངས་ནས་ཁྲིམས་འཛིན་བཅོས་སྒྱུར་བྱེད་པའི་གནས་ཚུལ་ལ་ཆེད་དོན་རྟོག་ཞིབ་བྱས། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། རྒྱུན་ལས་ཀྲུའུ་རིན་གཞོན་པ་མུའུ་ཏུང་ཧྲིན་དང་ཀྲུའུ་རིན་གཞོན་པ་ཚའོ་ཧུང་གཉིས་ཀྱིས་མཉམ་དུ་རྟོག་ཞིབ་བྱས།

རྟོག་ཞིབ་ཚན་ཆུང་ཟི་ལིང་གྲོང་ཁྱེར་དང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་སོགས་སུ་ཟབ་ཞུགས་བྱས་ཏེ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་དང་། ཁྲིམས་ཁང་དང་ཞིབ་དཔྱོད་ཁང་། ཟི་ལིང་གྲོང་ཁྱེར་དང་མཚོ་ནུབ་ཁུལ། ན་གོར་མོ་གྲོང་ཁྱེར་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་དང་ཁྲིམས་ཁང་ཞིབ་དཔྱོད་ཁང་། མདའ་བཞི་རྫོང་ཞིབ་དཔྱོད་ཁང་བཅས་ཀྱི་ཆེད་དོན་སྙན་ཞུར་ཉན་པ་དང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་མི་སྣ་དང་མཉམ་དུ་བཞུགས་མོལ་བྱས་ཏེ་ས་ཁུལ་སོ་སོས་ཁྱོན་ཡོངས་ནས་ཁྲིམས་འཛིན་བཅོས་སྒྱུར་གཏིང་ཟབ་བྱེད་པའི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་མ་ཟད་བསམ་འཆར་དང་གྲོས་གཞི་བསྡུ་ལེན་བྱས།

ཏུན་ཁྲང་ཡུག་གིས་མཚོ་སྔོན་ཞིང་ཆེན་གྱིས་ཁྱོན་ཡོངས་ནས་ཁྲིམས་འཛིན་བཅོས་སྒྱུར་གཏིང་ཟབ་བྱེད་པའི་བྱ་བར་ཁས་ལེན་གང་ལེགས་བྱས། ཁོས་བསྟན་དོན། ས་གནས་ཏང་ཨུ་དང་དམངས་ཆེན། སྲིད་གཞུང་། དེ་མིན་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་བཅས་ཀྱིས་ཁྲིམས་འཛིན་བཅོས་སྒྱུར་བྱ་བར་མཐོང་ཆེན་ཚད་མཐོན་པོ་དང་སེམས་ཞིབ་མོས་བཀོད་སྒྲིག་བྱས་པ་དང་གཟབ་ནན་གྱིས་སྐུལ་འདེད་བྱས་པས་ཁྲིམས་འཛིན་བཅོས་སྒྱུར་བྱ་བར་དོན་དངོས་རང་བཞིན་གྱི་འཕེལ་རྒྱས་དང་གྲུབ་འབྲས་བླངས་པ་དང་བྱ་བ་མི་ཉུང་བ་ཞིག་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་བཞིན་ཡོད་ལ། བྱེད་ཐབས་མི་ཉུང་བ་ཞིག་ལ་ས་གནས་གཞན་པས་སློབ་སྦྱོང་དང་དཔྱད་གཞིར་འཛིན་འོས་པས་དཔེ་སྟོན་གྱི་ནུས་པ་ལྡན་ཟེར། རྟོག་ཞིབ་ཚན་ཆུང་གིས་བལྟས་ན། མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་དང་ཁྲིམས་ཁང་། ཞིབ་དཔྱོད་ཁང་བཅས་ཀྱིས་མཛུབ་སྟོན་བསམ་བློ་གཏན་ཁེལ་གསལ་བོ་བྱས་ཡོད་པ་དང་བཅོས་སྒྱུར་གྱི་བསམ་ཕྱོགས་གསལ་བོ་ཡིན་ལ། བྱ་བར་འབད་འཐབ་བྱས་པས་ཁྲིམས་འཛིན་བཅོས་སྒྱུར་བྱེད་པའི་གོ་རིམ་ཁྲོད་གནས་ཚུལ་གསར་བ་དང་གནད་དོན་གསར་བ་མང་པོ་རྙེད་པ་དང་ཁྲིམས་འཛིན་བཅོས་སྒྱུར་བྱེད་པའི་གོ་རིམ་ཁྲོད་ཞིབ་འཇུག་གཏིང་ཟབ་དང་གཟབ་ནན་གྱིས་བསམ་བློ་བཏང་ཡོད་པས་བཏོན་པའི་གྲོས་གཞི་དང་བྱེད་ཐབས་ལ་དམིགས་སའི་རང་བཞིན་དང་བཀོལ་སྤྱོད་རང་བཞིན། ཚན་རིག་རང་བཞིན་ལྡན་པར་སྙམ། རྟོག་ཞིབ་ཚན་ཆུང་གིས་མཚོ་སྔོན་ཞིང་ཆེན་གྱིས་རྗེས་ཕྱོགས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ་སྔར་ལས་ལྷག་པའི་སྒོ་ནས་ཡིད་ཆེས་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་མགོ་ཁྲིད་ལ་ཤུགས་སྣོན་པ། ཤེས་རྟོགས་ཇེ་མཐོར་བཏང་སྟེ་ཧུར་ཐག་གིས་མཚོ་སྔོན་གྱི་ཁྲིམས་འཛིན་བཅོས་སྒྱུར་བྱ་བ་སྔར་ལས་བཟང་བོར་བསྒྲུབ་དགོས་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།