ཀྲུང་གོ་རྒྱལ་སྤྱིའི་གཞི་གྲངས་ཆེན་མོའི་ཐོན་ལས་འགྲེམ་སྟོན་ཚོགས་འདུ་ཀོས་ཀྲིག་གྲོང་ཁྱེར་ནས་ཚོགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  2017ལོའི་ཀྲུང་གོ་རྒྱལ་སྤྱིའི་གཞི་གྲངས་ཆེན་མོའི་ཐོན་ལས་འགྲེམ་སྟོན་ཚོགས་འདུ་ཟླ་ལྔ་བའི་ཚེས་ཉེར་དྲུག་ཉིན་ཀོས་ཡང་གྲོང་ཁྱེར་ནས་ཚོགས་མགོ་བརྩམས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་མཱ་ཁེ་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་ཞུ་ཚིག་ཕུལ།

མཱ་ཁེ་ཡིས་བཤད་རྒྱུར། གཞི་གྲངས་ནི་རྨང་གཞི་རང་བཞིན་གྱི་འཐབ་ཇུས་ཐོན་ཁུངས་གལ་ཆེན་ཞིག་ཡིན། གཞི་གྲངས་ཆེན་མོའི་འཕེལ་རྒྱས་དེས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཁྱབ་ཁོངས་མང་པོར་འགྱུར་ལྡོག་ཟབ་མོ་འབྱུང་བར་ཡར་སྐུལ་གཏོང་བཞིན་ཡོད། བཟོ་སྐྲུན་ལས་རིགས་ནི་དངོས་གཟུགས་དཔལ་འབྱོར་གྱི་ཕྱོགས་གཙོ་བོ་དང་གསར་གཏོད་ཡར་སྐུལ་བྱེད་པའི་གཡུལ་ས་གཙོ་བོ་ཡིན་ལ། གཞི་གྲངས་ཆེན་མོ་བེད་སྤྱོད་བྱེད་པའི་ཁྱབ་ཁོངས་གཙོ་བོའང་ཡིན། གཞི་གྲངས་ཆེན་མོ་གསར་གཏོད་དང་བེད་སྤྱོད་གཏིང་ཟབ་ཏུ་སྤེལ་བ་དེ་ཀྲུང་གོའི་བཟོ་སྐྲུན་ལས་རིགས་ཚུལ་སྒྱུར་རིམ་སྤོར་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཟེར། 
 

མཱ་ཁེ་ཡིས་ནན་གྱིས་བསྟན་དོན། གཞི་གྲངས་ཆེན་མོ་འཆམ་མཐུན་ཆེན་པོ་ཡོང་བར་སྐུལ་འདེད་གཏོང་བ་དང་། འཆམ་མཐུན་ཆེན་པོ་ཡོང་བ་དེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་གཞི་གྲངས་ཆེན་མོ་གཏིང་ཟབ་སྒོས་གསར་གཏོད་བྱེད་པ་དང་། གཞི་གྲངས་ཆེན་མོ་ཡོངས་ཁྱབ་ཏུ་བཀོལ་སྤྱོད་བྱས་ནས། གཞི་གྲངས་ཆེན་མོའི་ཐོན་ཁུངས་ཕན་ཚུན་བར་འབྲེལ་འདྲིས་བྱེད་པར་སྐུལ་འདེད་གཏོང་བ་དང་། གཞི་གྲངས་ཆེན་མོའི་ཐོན་ལས་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་མཉམ་དུ་སྐུལ་འདེད་བཏང་སྟེ། གཞི་གྲངས་ཆེན་མོ་བེད་སྤྱོད་དང་ཐོན་ལས་མྱུར་དུ་འཕེལ་རྒྱས་སུ་གཏོང་དགོས་པར་མ་ཟད། གཞི་གྲངས་ཆེན་མོ་བདེ་འཇགས་དང་ཚད་ལྡན་གྱིས་བེད་སྤྱོད་བྱེད་པར་མཉམ་དུ་ཤུགས་སྣོན་པ་དང་། ཤེས་བྱའི་ཐོན་དངོས་བདག་དབང་ལ་ནུས་ཡོད་སྒོས་སྲུང་སྐྱོབ་བྱེད་པ། གཞི་གྲངས་ཆེན་མོའི་བདེ་འཇགས་ལ་སྲུང་སྐྱོབ་བྱས་ནས། འཛམ་གླིང་གི་བཟོ་སྐྲུན་ལས་རིགས་བསྒྱུར་བཅོས་དང་དཔལ་འབྱོར་སླར་གསོ་བྱེད་པར་མྱུར་དུ་སྐུལ་འདེད་གཏོང་འདོད་ཡོད་ཟེར།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།