ཡུས་ཀྲིན་ཧྲིན་རྒྱལ་ཡོངས་ཀྱི་གཞོན་རབས་དམངས་གཉེར་ཁེ་ལས་པའི་ཕུགས་བསམ་ཡིད་རྟོན་སྙན་ཞུ་ཚོགས་འདུར་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   རྒྱལ་ཡོངས་ཀྱི་གཞོན་རབས་དམངས་གཉེར་ཁེ་ལས་པའི་ཕུགས་བསམ་ཡིད་རྟོན་སྙན་ཞུའི་ཚོགས་འདུ་ཚེས་ཉེར་བདུན་ཉིན་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན།རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་ཚོགས་འདུར་ཞུགས་པ་མ་ཟད་གསུངས་བཤད་གནང་།

ཡུས་ཀྲིན་ཧྲིན་གྱིས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་གཞོན་རབས་དམངས་གཉེར་ཁེ་ལས་པར་བརྩེ་བའི་ཐུགས་ཁུར་གནང་བཞིན་པ་དང་ཐུགས་རེ་ནན་མོ་འདོན་བཞིན་ཡོད། དཔུང་སྡེ་དེ་ཚད་ལྡན་གྱི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་འཛུགས་སྐྲུན་པར་འགྱུར་བར་ཁྲིད་སྟོན་བྱེད་པ་ནི། རྒྱལ་དམངས་དཔལ་འབྱོར་གྱི་འཕེལ་རྒྱས་རྗེས་ཤུགས་ཇེ་དྲག་ཏུ་གཏོང་བར་འབྲེལ་ཡོད་པ་དང་། ཏང་གི་སྲིད་འཛིན་རྨང་གཞི་དང་སྤྱི་ཚོགས་རྨང་གཞི་སྲ་བརྟན་དུ་གཏོང་བར་འབྲེལ་ཡོད་ལ། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབྲེལ་ཡོད་ཟེར།

ཡུས་ཀྲིན་ཧྲིན་གྱིས་ནན་གྱིས་བསྟན་དོན། རང་རྒྱལ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་བྱེད་པར་རྒྱལ་ཁ་ལེན་པའི་དུས་རིམ་དུ་གནས་ཡོད་པ་དང་། དཔལ་འབྱོར་འཕེལ་རྒྱས་དེ་རྒྱུན་རྣམ་གསར་བར་སླེབས་ཡོད་ལ། གཞོན་རབས་དམངས་གཉེར་ཁེ་ལས་པས་འཇོན་ཐང་ངོམ་པར་བར་སྟོང་རྒྱ་ཆེན་པོ་ཡོད་པས། གཞོན་རབས་དམངས་གཉེར་ཁེ་ལས་པས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་བ། ལྔ་བ། དྲུག་པ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་རབས་དང་རིམ་པའི་དགོངས་དོན་དང་། རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་བ་དང་བསམ་བློ་གསར་བ། འཐབ་ཇུས་གསར་བ་བཅས་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཏེ། ཕུགས་བསམ་ཡིད་རྟོན་འགྱུར་བ་མེད་པར་བྱེད་པ་དང་། འཕེལ་རྒྱས་ཀྱི་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ། ཕྱོགས་བསྡུས་བྱང་ཚད་མཐོར་འདེགས་བྱེད་པ། ཁེ་ལས་པའི་སྙིང་སྟོབས་དར་སྤེལ་བྱེད་པ་དང་། ཁེ་ལས་པའི་འཇོན་ཐང་ངོམ་པ་བཅས་བྱས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གོང་འཕེལ་དུ་གཏོང་བར་སྔར་ལས་ཆེ་བའི་བྱས་རྗེས་གསར་བ་འཇོག་དགོས་ཟེར།

ཡུས་ཀྲིན་ཧྲིན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་གཞོན་རབས་དམངས་གཉེར་ཁེ་ལས་པའི་སློབ་གསོ་གསོ་སྐྱོང་བྱ་བ་དེ་གོ་གནས་གལ་ཆེན་དུ་བཞག་སྟེ། ཁོ་ཚོར་ལས་སྒྲུབ་ལས་སྐྲུན་གྱི་སྟེགས་བུ་སྔར་ལས་ཆེན་པོ་སྐྲུན་དགོས་པ་དང་། ཡིད་རྟོན་ཡོད་པ་དང་ཕུགས་བསམ་ཡོད་ལ། ནུས་པ་ཡོད་ཅིང་བྱས་རྗེས་ཡོད་པའི་གཞོན་རབས་དམངས་གཉེར་ཁེ་ལས་པའི་དཔུང་སྡེ་ཞིག་སྐྱེད་སྲིང་བྱེད་དགོས། མགོ་ཁྲིད་ལས་བྱེད་པས་མཛའ་གཙང་གི་རྩ་དོན་ལྟར་དམངས་གཉེར་ཁེ་ལས་པར་ལྷག་བསམ་རྣམ་དག་གིས་འབྲེལ་འདྲིས་འགྲོ་འོང་བྱས་ཏེ། གཞོན་རབས་པ་རྣམས་ཀྱི་འཕེལ་རྒྱས་ཁྲོད་ཀྱི་དཀའ་ཁག་སེལ་དགོས་པ་དང་འཚར་ལོངས་ཁྲོད་ཀྱི་སེམས་ངལ་སེལ་དགོས་ཟེར།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།