ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཀྲུང་གོ་ཞིང་ལས་ཚན་རྩལ་གླིང་བཙུགས་ནས་ལོ་ངོ་དྲུག་ཅུ་ལོན་པར་མཆན་བཀོད་མཛུབ་སྟོན་གནང་བར་མ་ཟད་རྟེན་འབྲེལ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-05-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཉེ་ལམ་ཀྲུང་གོའི་ཞིང་ལས་ཚན་རྩལ་གླིང་བཙུགས་ནས་ལོ་ངོ་དྲུག་ཅུ་ལོན་པར་མཆན་བཀོད་མཛུབ་སྟོན་གནང་བར་མ་ཟད་རྟེན་འབྲེལ་ཞུས། ཁོས་མཆན་བཀོད་མཛུབ་སྟོན་ཁྲོད་བསྟན་དོན། ཀྲུང་གོ་ཞིང་ལས་ཚན་རྩལ་གླིང་བཙུགས་ནས་ལོ་ངོ་དྲུག་ཅུའི་རིང་ལ་རྒྱལ་ཁབ་ཀྱི་དགོས་མཁོ་གལ་ཆེན་ལ་ཁ་ཕྱོགས་པ་རྒྱུན་འཁྱོངས་དང་ཞིང་ལས་ཚན་རྩལ་གྱི་མདུན་ལྗོངས་དམིགས་ཡུལ་དུ་འཛིན་པ། རྒྱུན་མཐུད་ངང་དཀའ་ཁག་སྣ་ཚོགས་ཁྱད་དུ་བསལ་ཏེ། ཀུན་གྱི་མིག་དཔེར་འོས་པའི་ཚན་རྩལ་གྱི་གྲུབ་འབྲས་རབ་དང་རིམ་པ་བླངས་ལ། ཕུལ་དུ་བྱུང་བའི་ཞིང་ལས་ཚན་རྩལ་གྱི་འཇོན་ཐང་མི་སྣ་མང་པོ་གསོ་སྐྱོང་བྱས་ནས། ཞིང་གསུམ་འཕེལ་རྒྱས་ཀྱི་གནད་དོན་གལ་ཆེན་ཐག་གཅོད་གང་ལེགས་བྱས་ཏེ། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་ཁག་ཐེག་དང་ཞིང་ལས་དེང་རབས་ཅན་འཕེལ་རྒྱས་སུ་གཏོང་བའི་ཐད་ལ་ཚན་རྩལ་གྱི་འདེགས་སྐྱོར་གལ་ཆེན་འདོན་སྤྲོད་བྱས་ཡོད་པས། ངས་འདིར་བློ་མཐུན་རྣམས་ལ་སེམས་གཏིང་ནས་འཚམས་འདྲི་ཞུས་པ་ཡིན། ཁྱེད་ཚོས་འོས་འགན་ལྕིད་མོ་ཕྲག་ཏུ་བླངས་ནས་ཡང་འབད་བསྐྱར་འབད་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་ལེན་མཐར་ཕྱིན་བྱས་ཏེ། ཞིང་ལས་ཀྱི་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་ནས། ཞིང་ལས་ཀྱི་འཕེལ་སྟངས་བསྒྱུར་བ་དང་གྲུབ་ཚུལ་ལེགས་སྒྲིག་བྱེད་པར་ཤུགས་སྣོན་པ། ཞིང་ལས་ཚན་རྩལ་གྱི་སྒྲིག་གཞིའི་ནང་རྐྱེན་བཅོས་བསྒྱུར་བྱེད་པ་གཏིང་ཟབ་ཏུ་གཏོང་བ། ཞིང་ལས་ཚན་རྩལ་གྱི་གསར་གཏོད་ལ་ཤུགས་སྣོན་པ། རྒྱུ་སྤུས་ཡོད་པའི་ཚན་རྩལ་གྱི་གྲུབ་འབྲས་མང་པོ་ལེན་པར་ཤུགས་སྣོན་པ། སྔར་ལས་མང་པོའི་ཕུལ་བྱུང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ། རང་རྒྱལ་གྱི་ཞིང་ལས་ཚན་རྩལ་ཆུ་ཚད་དང་རྒྱལ་སྤྱིའི་འགྲན་རྩོད་ནུས་ཤུགས་རྒྱུན་ཆད་མེད་པར་མཐོར་འདེགས་སུ་གཏོང་བ། ཞིང་ལས་དང་ཞིང་སྡེ་ཡི་སྒུལ་ནུས་གསར་བ་གསོ་སྐྱོང་བྱེད་པར་སྐུལ་འདེད་བཏང་སྟེ། དེང་རབས་ཞིང་ལས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་ཞིང་བའི་ཡོང་སྒོ་འཕར་སྣོན་འབྱུང་བ་མངོན་འགྱུར་བྱེད་པར་ཤུགས་བསྣན་ནས། ཞིང་སྡེའི་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་བདེ་བླག་ངང་འཕེལ་རྒྱས་སུ་གཏོང་བར་བྱས་རྗེ་གསར་བ་འཇོག་དགོས་པའི་རེ་བ་བཏོན།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།