ཀྲུང་གོ་བོད་ཀྱི་དྲ་བ།

སྐོར་ཐེངས་གསུམ་པའི་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཁག་བདུན་ལྟ་ཞིབ་བྱེད་པའི་ས་ཁུལ་སོ་སོ་རུ་འབྱོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-04-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཞི་བའི་ཚེས་ཉེར་བརྒྱད་ཉིན་བར། སྐོར་ཐེངས་གསུམ་པའི་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཁག་བདུན་ལྟ་ཞིབ་བྱེད་པའི་ས་ཁུལ་སོ་སོ་རུ་འབྱོར་ཡོད། ལྟ་ཞིབ་ཚན་ཁག་གིས་ཐེན་ཅིན་དང་ཧྲན་ཞི། ལེའོ་ཉིན། ཨན་ཧོས། ཧྥུའུ་ཅན། ཧུའུ་ནན། ཀོས་ཀྲིག་བཅས་ནས་དུས་ཡུན་ཟླ་གཅིག་རིང་གི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བྱ་བ་བསྒྲུབ་རྒྱུ་རེད།

ཞིང་ཆེན་དང་གྲོང་ཁྱེར་བདུན་གྱི་ལྟ་ཞིབ་བྱ་བའི་སྐུལ་སློང་ཚོགས་འདུའི་སྟེང་། སྐོར་ཐེངས་གསུམ་པའི་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཁག་གི་ཚན་གཙོ་སོ་སོས་མཚམས་སྦྱོར་བྱས་དོན། ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་ལག་བསྟར་བྱེད་པའི་ལམ་ལུགས་བཀོད་སྒྲིག་གལ་ཆེན་ཞིག་ཡིན། ལྟ་ཞིབ་བྱེད་སྐབས་གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཀྲུང་དབྱང་གིས་ཡིད་འཇོག་ཆེན་པོ་བྱེད་པ་དང་མང་ཚོགས་ལ་བསམ་འཆར་ཆེ་ཞིང་སྤྱི་ཚོགས་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་པའི་འབུར་ཐོན་གནད་དོན་དང་དེ་ཐག་བཅད་པའི་གནས་ཚུལ་གཙོར་འཛིན་པ་དང་། ཁོར་ཡུག་སྤུས་ཚད་ཉམས་ཉན་དུ་གྱུར་བའི་ཁུལ་ཁོངས་བཞུར་རྒྱུན་དང་དེར་དག་ཐེར་དང་བཅོས་སྐྱོང་བྱས་པའི་གནས་ཚུལ་གཙོར་བཟུང་སྟེ་ཞིབ་བཤེར་བྱེད་པ། ས་གནས་ཏང་ཨུ་དང་སྲིད་གཞུང་། དེ་མིན་འབྲེལ་ཡོད་ལས་ཁུངས་ཀྱིས་ཁོར་ཡུག་སྲུང་སྐྱོབ་བྱ་བར་མཐོང་ཆེན་མི་བྱེད་པའི་གནས་ཚུལ་གཙོར་བཟུང་སྟེ་ལྟ་ཞིབ་བྱེད་པ། ས་གནས་ཀྱིས་ཁོར་ཡུག་སྲུང་སྐྱོབ་དངོས་འབེབས་བྱེད་པར་ཏང་སྲིད་མཉམ་འཁུར་དང་ལས་གཅིག་འགན་གཉིས། འགན་འཁྲི་རྩད་གཅོད་ནན་མོ་བྱེད་པ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱེད་དགོས་ཟེར།

ཞིང་ཆེན་དང་གྲོང་ཁྱེར་བདུན་གྱི་ཏང་སྲིད་མགོ་ཁྲིད་པ་གཙོ་བོ་སྐུལ་སློང་ཚོགས་འདུར་ཞུགས་པར་མ་ཟད་རང་རང་གི་ལྟ་ཚུལ་བརྗོད་པ་དང་། ཞིང་ཆེན་དང་གྲོང་ཁྱེར་ཁ་ཤས་ཀྱི་མགོ་ཁྲིད་པས་བཤད་རྒྱུར། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ནི་ཐོབ་དཀའ་བའི་གོ་སྐབས་ཞིག་ཡིན་པས། ལྟ་ཞིབ་དང་དག་ཐེར་བཅོས་སྐྱོང་བྱས་པ་བརྒྱུད་དེ་མ་རྩ་བརྡིབས་པའི་དཔལ་འབྱོར་གྱི་ཚུལ་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ཡིན་ཟེར།

བཀོད་སྒྲིག་ལྟར། ཉིས་སྟོང་བཅོ་ལྔ་ལོའི་ལོ་མཇུག་ནས་བཟུང་ཧི་པེ་ཞིང་ཆེན་ནས་ཚོད་ལྟ་བྱེད་མགོ་བརྩམས་པ་དང་། སྐོར་ཐེངས་སྔོན་མ་གཉིས་ཀྱི་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཁག་གིས་རྒྱལ་ཡོངས་ཀྱི་ཞིང་ཆེན་ཕྱེད་ཀ་ལ་ལྟ་ཞིབ་བྱས་པ་དང་། ད་ལོར་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཁག་གིས་རྒྱལ་ཡོངས་ཀྱི་ཞིང་ཆེན་ཚང་མར་ལྟ་ཞིབ་བྱེད་པར་བརྩོན་ལེན་བྱེད་རྒྱུ་རེད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།