ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ལ་ཐུག་འཕྲད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-04-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བཞི་བའི་ཚེས་ཉེར་བརྒྱད་ཉིན། ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱི་ཉིག་ཡོ་ནས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁྲའོ་ཞན་ཕྱེད་གླིང་གི་ཉིང་རྡུལ་གནད་དོན་ཐད་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་སུ་ཞུགས་སྐབས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ལ་ཐུག་འཕྲད་བྱས།

ཝང་དབྱི་ཡིས་ཐོག་མར་ཀྲུང་གོའི་མགོ་ཁྲིད་པས་ཀུའུ་ཐི་ལོས་སི་ལ་སྙིང་ཉེ་བའི་འཚམས་འདྲི་ཞུས་པ་བརྒྱུད་སྒྲོག་བྱས། ཝང་དབྱི་ཡིས་བཤད་རྒྱུར། སྐུ་ཞབས་ལགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་འགན་འཁུར་བའི་ཚུན་ལ། མཉམ་འབྲེལ་རྒྱལ་ཚོགས་ལ་སྟོབས་ཤུགས་གསར་བ་དང་བསམ་ཕྱོགས་གསར་བ། བྱེད་ཐབས་གསར་བ་བཅས་བསྐྱལ། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་གཙོ་ཡིན་པའི་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད། དེང་སྐབས་ཀྱི་འགྱུར་ལྡོག་མང་ཞིང་རྙོག་འཛིང་ཆེ་བའི་གནས་བབ་ཀྱི་མདུན་དུ། མཉམ་འབྲེལ་རྒྱལ་ཚོགས་དབང་ཟིལ་དང་སྤྱིའི་ཡིད་རྟོན་ནུས་ཤུགས་ལྡན་པའི་རྒྱལ་སྤྱིའི་རྩ་འཛུགས་ཤིག་ཡིན་པའི་ཆ་ནས་འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། མིའི་རིགས་འཕེལ་རྒྱས་སུ་གཏོང་བར་ནུས་པ་སྔར་ལས་ཆེན་པོ་འདོན་སྤེལ་བྱེད་དགོས་ཟེར།

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། ངས་ཀྲུང་གོ་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སུ་ཞུགས་རྒྱུར་རེ་སྒུག་བྱས་ཡོད། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་དང་ཕྱོགས་མང་རིང་ལུགས་ལ་བློ་བརྟན་འགྱུར་མེད་སྒོས་རྒྱབ་སྐྱོར་བྱེད་པ་དང་། འཛམ་གླིང་ཅན་དང་རང་དབང་ཉོ་ཚོང་ཧུར་ཐག་སྒོས་དར་སྤེལ་བྱས་ཏེ། འཛམ་གླིང་གི་ཞི་བདེ་དང་བདེ་འཇགས། དར་རྒྱས་བཅས་ཐད་ལ་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཤིང་། ཞི་བདེ་སྲུང་སྐྱོབ་བྱེད་པའི་ཐད་ལ་བྱས་རྗེས་བཟང་བོ་བཞག མཉམ་འབྲེལ་རྒྱལ་ཚོགས་དྲུང་ཡིག་ཁྲུའུ་ཡིས་ཀྲུང་གོ་བར་གྱི་མཉམ་ལས་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་རྒྱུད་གཅིག་ལམ་གཅིག་གྲོས་གཞི་དང་ཨེ་ཤ་ཡའི་དངུལ་གཏོང་དངུལ་ཁང་འཛུགས་པ་སོགས་གྲོས་གཞི་དང་བྱེད་ཐབས་རབ་དང་རིམ་པ་དེ་2030ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་དང་གནམ་གཤིས་འགྱུར་ལྡོག་གྲོས་མཐུན་ལག་བསྟར་བྱེད་པ་དང་ཧ་ཅང་མཐུན་ལ། ཀྲུང་གོས་རྒྱལ་སྤྱིའི་ལས་དོན་ཁྲོད་ནུས་པ་སྔར་ལས་ཆེན་པོ་འདོན་སྤེལ་བྱེད་པར་རེ་སྒུག་བྱས་ཡོད་ཟེར།

ཕྱོགས་གཉིས་ཀྱིས་ད་རུང་ཐུན་མོང་གིས་སེམས་ཁུར་བྱེད་བཞིན་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ལ་བསམ་འཆར་བརྗེ་རེས་བྱས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།