ཀྲུང་གོ་བོད་ཀྱི་དྲ་བ།

ཀྲང་ཏི་ཅང་གིས་ཨུ་རུ་སི་དཀར་པོར་དངོས་གཞིའི་མཛའ་མཐུན་འཚམས་འདྲི་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-04-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སི་དཀར་པོའི་རྒྱལ་དམངས་གྲོས་ཚོགས་སྤྱི་མཐུན་རྒྱལ་ཁབ་གླིང་གི་ཀྲུའུ་ཞི་སྨིས་ཡ་སི་ཉི་ཁི་ཝེ་ཆི་དང་འཐུས་མི་གླིང་གི་ཀྲུའུ་ཞི་ཨན་ཏེ་ལའེ་ཆིན་ཁི་གཉིས་ཀྱིས་གདན་དྲངས་པ་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས་བཅུ་དྲུག་ཉིན་ནས་ཚེས་བཅོ་བརྒྱད་ཉིན་བར་ཨུ་རུ་སི་དཀར་པོ་རྒྱལ་ཁབ་ལ་དངོས་གཞིའི་མཛའ་མཐུན་འཚམས་འདྲི་མཛད། མེན་སི་ཁོ་ནས་ཙུང་ཐུང་ལུའུ་ཁ་ཧྲིན་ཁི་དང་ཙུང་ལི་ཁི་པིས་ཡ་ཁི་ཧྥུའུ་གཉིས་ལ་སོ་སོར་མཇལ་འཕྲད་གནང་བ་དང་། སྨིས་ཡ་སི་ཉི་ཁི་ཝེ་ཆི་དང་ཨན་ཏི་ལའེ་ཆིན་ཁི་གཉིས་དང་སོ་སོར་གྲོས་མོལ་མཛད།

ཀྲང་ཏི་ཅང་གིས་ཐོག་མར་ཙུང་ཐུང་ལུའུ་ཁ་ཧྲིན་ཁི་ལ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུས་པ་བརྒྱུད་སྒྲོག་མཛད། ཀྲང་ཏི་ཅང་གིས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སི་དཀར་པོའི་བར་འབྲེལ་བ་བཙུགས་ནས་ལོ་འཁོར་ཉེར་ལྔ་ལོན་པ་དང་བསྟུན་ནས། ཆབ་སྲིད་ཐད་ཀྱི་ཡིད་ཆེས་དང་འཐབ་ཇུས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། དུས་རྒྱུན་གྱི་མཛའ་བཤེས་འཕེལ་རྒྱས་སུ་གཏོང་བ། ཕྱོགས་ཡོངས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། ལག་གདང་སྦྲེལ་ནས་ཁེ་ཕན་དང་ལས་དབང་གི་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་འདོད་ཡོད་ཟེར།

ལུའུ་ཁ་ཧྲིན་ཁི་ཡིས་ཀྲང་ཏི་ཅང་ལ་ཁོས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་བརྩེ་བའི་འཚམས་འདྲི་ཞུས་པ་བརྒྱུད་སྒྲོག་གནང་རོགས་ཞུས་པར་མ་ཟད། ཨུ་རུ་སི་དཀར་པོ་དང་ཀྲུང་གོའི་བར་གྱི་མཛའ་མཐུན་འགྲོ་འོང་གཏིང་ཟབ་ཏུ་སྤེལ་བ་དང་། ཆབ་སྲིད་ཐད་ཀྱི་ཡིད་ཆེས་ཇེ་དམ་དུ་གཏོང་བ། དངུལ་གཏོང་དང་དངུལ་ལོར། གནས་སྐོར་བཅས་ཕྱོགས་མཉམ་ལས་རྒྱ་བསྐྱེད་འདོད་ཡོད་པའི་ཚུལ་བསྟན།

ཙུང་ལི་ཁི་པིས་ཡ་ཁི་ཧྥུའུ་ལ་མཇལ་འཕྲད་གནང་སྐབས། ཀྲང་ཏི་ཅང་གིས་གསུངས་རྒྱུར། ཕྱོགས་གཉིས་ཀྱིས་རྒྱུད་གཅིག་ལམ་གཅིག་སྤྱི་ཁོག་ནང་གི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། འཐབ་ཇུས་འབྲེལ་འདྲིས་བྱེད་པ། སྲིད་གཞུང་བར་གྱི་མཉམ་ལས་ཨུ་ཡོན་ལྷན་ཁང་སོགས་ལམ་ལུགས་ཀྱི་ནུས་པ་འདོན་སྤེལ་བྱེད་པ། ཁྱབ་ཁོངས་གཙོ་བོའི་མཉམ་ལས་གཅིག་གྱུར་སྒོས་འཆར་འགོད་བྱས་ནས། དཔལ་འབྱོར་ཉོ་ཚོང་དངུལ་གཏོང་མཉམ་ལས་ཀྱི་སྤུས་ཚད་དང་ཆུ་ཚད་འདྲ་མཉམ་སྒོས་མཐོར་འདེགས་སུ་གཏོང་དགོས་ཟེར།

ཁི་པིས་ཡ་ཁི་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སི་དཀར་པོ་ཕྱོགས་ཀྱིས་བཟོ་ལས་ས་ཁུལ་འཛུགས་སྐྲུན་ལ་ཧ་ཅང་མཐོང་ཆེན་བྱས་ནས། ཕྱོགས་གཉིས་ཀྱི་མཉམ་ལས་ལས་གཞི་དོན་ཐོག་ཏུ་འཁྱོལ་བར་བྱེད་པར་ཁོར་ཡུག་བཟང་བོ་སྐྲུན་འདོད་ཡོད་ཟེར།

ཀྲུའུ་ཞི་སྨིས་ཡ་སི་ཉི་ཁི་ཝེ་ཆི་དང་ཀྲུའུ་ཞི་ཨན་ཏི་ལའེ་ཆིན་ཁི་གཉིས་དང་གྲོས་མོལ་བྱེད་སྐབས། ཀྲང་ཏི་ཅང་གིས་གསུངས་རྒྱུར། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱིས་མཉམ་ལས་ཀྱི་གནས་བབ་བཟང་བོ་རྒྱུན་འཁྱོངས་བྱས་ནས། ཁྲིམས་འཛུགས་ཁྱབ་ཁོངས་གཙོ་བོར་བཟུང་སྟེ་རྒྱལ་སྐྱོང་སྲིད་འཛིན་ཐད་ཀྱི་ཉམས་མྱོར་བརྗེ་རེས་བྱེད་པ་དང་། གཉིས་ཕན་མཉམ་ལས་ཀྱི་ཁྲིམས་སྐྱོང་ཁོར་ཡུག་ཇེ་ལེགས་སུ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་སློབ་གསོ་དང་མི་གཞུང་། ས་གནས་བཅས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། ཀྲུང་གོ་དང་ཨུ་རུ་སི་དཀར་པོ་བར་གྱི་མཛའ་མཐུན་སྙིང་སྟོབས་འདོན་སྤེལ་བྱེད་པར་རེ་བ་བྱེད་ཀྱིན་ཡོད་ཟེར།

སྨིས་ཡ་སི་ཉི་ཁི་ཝེ་ཆི་དང་ཨན་ཏི་ལའེ་ཆིན་ཁི་གཉིས་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་བཏོན་པའི་གྲོས་གཞི་ལ་ཡོངས་སུ་འཐད་པའི་ཚུལ་བསྟན་པར་མ་ཟད། ཕྱོགས་གཉིས་ཀྱིས་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། ཁྲིམས་འཛུགས་ལས་ཁུངས་ཀྱི་རྒྱལ་ཁབ་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཁྲོད་ཀྱི་སྐུལ་འདེད་ནུས་པ་འདོན་སྤེལ་བྱེད་དགོས་ཞེས་བཤད།

གྲོས་མོལ་བྱས་རྗེས། ཕྱོགས་གཉིས་ཀྱིས་ཀྲུང་གོ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་དང་ཨུ་རུ་དཀར་པོའི་རྒྱལ་དམངས་གྲོས་ཚོགས་བར་གྱི་མཉམ་ལས་ཀྱི་མཉམ་འབྲེལ་གསལ་སྒྲོག་བཀོད་པར་མ་ཟད། མཉམ་དུ་གསར་འགོད་པར་ཐུག་འཕྲད་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།