ཀྲུང་གོ་བོད་ཀྱི་དྲ་བ།

སློབ་གསོ་པུས་ལུས་རྩལ་དང་བདེ་ཐང་སློབ་ཚན་འདང་ངེས་དང་ཆ་ཚང་པོ་ཡོད་མེད་སློབ་གྲྭ་འབྲིང་ཆུང་གི་ལུས་རྩལ་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་དཔྱད་དཔོག་བྱེད་ཁོངས་སུ་འཇུག་རྒྱུ་ཡིན་པ།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།     སྤེལ་དུས། : 2017-04-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སློབ་གྲྭ་འབྲིང་ཆུང་གི་ལུས་རྩལ་གདེང་འཇོག་ལམ་སྲོལ་འཛུགས་པ་དང་སློབ་གྲྭ་འབྲིང་ཆུང་གི་ལུས་རྩལ་ལས་ཀའི་ཆུ་ཚད་དང་སློབ་གསོའི་སློབ་ཁྲིད་སྤུས་ཚད་མཐོ་རུ་གཏོང་ཆེད། ཚེས་10ཉིན་སློབ་གསོ་པུས《སློབ་གྲྭ་འབྲིང་ཆུང་གི་ལུས་རྩལ་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་དཔྱད་དཔོག་བྱེད་ཐབས》ཁྱབ་བསྒྲགས་བྱས་ནས་ལུས་རྩལ་དང་བདེ་ཐང་སློབ་ཚན་འདང་ངེས་དང་ཆ་ཚང་པོ་ཡོད་མེད་ལྟ་སྐུལ་མཛུབ་ཁྲིད་དང་དཔྱད་དཔོག་བྱེད་ཁོངས་སུ་འཇུག་རྒྱུ་གསལ་པོར་བཏོན་པ་རེད།

བྱ་ཐབས་དེ་གཞིར་བཟུང་། ལྟ་སྐུལ་མཛུབ་ཁྲིད་དང་དཔྱད་དཔོག་གཙོ་བོ་སྤྱི་འདོམས་དོ་དམ་དང་། སློབ་གསོ་སློབ་ཁྲིད། ཆ་རྐྱེན་འགན་ལེན། གདེང་འཇོག་དཔྱད་ཞིབ། གཟུགས་གཞི་བདེ་ཐང་སོགས་ནང་དོན་ལ་དམིགས་ནས་སྤེལ་རྒྱུ་ཡིན་ཞིང་། སློབ་གསོ་སློབ་ཁྲིད་ཐད་ལྟ་སྐུལ་མཛུབ་ཁྲིད་དང་དཔྱད་དཔོག་གི་རྣམ་གྲངས་ནང་ལུས་རྩལ་དང་བདེ་ཐང་སློབ་ཚན་འདང་ངེས་དང་ཆ་ཚང་པོ་འཚོག་པ་དང་། སློབ་གསེང་རིང་ལུས་རྩལ་བྱེད་སྒོ་སྤེལ་བ། སློབ་ཁྲིད་སྒྱུར་བཅོས་གཏིང་ཟབ་བྱེད་པ། སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་གཏོང་བ། སློབ་ཕྱིའི་སློབ་མའི་ལུས་སྦྱོང་ལ་ཤུགས་སྣོན་རྒྱག་པ། ཉི་འོད་ལུས་རྩལ་རྒྱ་ཁྱབ་ངང་སྤེལ་བ། སློབ་གསེང་རིང་སྦྱོང་བརྡར་ཧུར་ཐག་བྱེད་པ། འགྲན་བསྡུར་བྱེད་སྒོ་སྣ་ཚོགས་སྒྲིག་འཛུགས་བྱེད་པ། དུས་བཀག་ལྟར་ལུས་རྩལ་འགྲན་ཚོགས་འཚོག་པ་སོགས་ཚུད་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་སློབ་གསོ་ལྟ་སྐུལ་མཛུབ་ཁྲིད་ཨུ་ལྷན་གཞུང་དོན་ཁང་གིས་ལོ་འདིའི་སློབ་གྲྭ་འབྲིང་ཆུང་གི་ལུས་རྩལ་ལས་དོན་གྱི་གཙོ་གནད་དང་གནས་པའི་ཉམས་ཞན་གནད་དོན་ལ་དམིགས་ནས་ལྟ་སྐུལ་མཛུབ་ཁྲིད་དང་དཔྱད་དཔོག་གི་གཙོ་གནད་གཏན་འཁེལ་བྱ་རྒྱུ་དང་། ལྟ་སྐུལ་མཛུབ་ཁྲིད་བྱ་ཡུལ་སྐབས་བསྟུན་འདེམས་པ། ལྟ་སྐུལ་མཛུབ་ཁྲིད་མི་སྣ་སྐབས་བསྟུན་མངགས་ནས་ས་གནས་ས་ཐོག་ཏུ་ལྟ་སྐུལ་མཛུབ་ཁྲིད་དང་འཐེན་བཤེར་བྱས་ཏེ་རྒྱལ་ཁབ་ཀྱི་ལྟ་སྐུལ་མཛུབ་ཁྲིད་སྙན་ཞུ་ཞིག་བཟོས་ནས་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱ་རྒྱུ་ཡིན་པ་རེད།

བྱ་ཐབས་དེས་ད་དུང་ས་གནས་རིམ་ཁག་སྲིད་གཞུང་དང་སློབ་གསོ་སྲིད་འཛིན་སྡེ་ཚན་གྱིས་སློབ་གྲྭ་འབྲིང་ཆུང་གི་ལུས་རྩལ་ལྟ་སྐུལ་མཛུབ་ཁྲིད་དང་དཔྱད་དཔོག་བྱས་འབྲས་ལས་བྱེད་པར་དཔྱད་ཞིབ་བྱེད་པ་དང་། སློབ་གྲྭའི་འགན་འཁྲི་བདའ་འདེད་གཏོང་བ། བྱ་དགའ་དང་ཆད་གཅོད་བཅས་ཀྱི་གཞི་འཛིན་ས་གལ་ཆེན་དུ་བརྩི་རྒྱུ་ཡིན་ཞེས་ནན་བཤད་བྱས་ཡོད།

རྩོམ་སྒྲིག་པ། : འབུམ་པ་རྒྱལ།