ལིས་ཁི་ཆང་གིས་འབར་མའི་ཙུང་ཐུང་ཝུའུ་ཐིན་ཅེའོ་ལ་མཇལ་འཕྲད་གནང་།

8ee53ef284fdc833aaaa20346670f13f.jpg

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཅུ་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་འབར་མའི་ཙུང་ཐུང་ཝུའུ་ཐིན་ཅེའོ་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཅུ་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་འབར་མའི་ཙུང་ཐུང་ཝུའུ་ཐིན་ཅེའོ་ལ་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་འབར་མ་གཉིས་ནི་མཛའ་མཐུན་གྱི་ཁྱིམ་མཚེས་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་དུ་མཛའ་བརྩེ་ཟབ་མོ་ཡོད། ཀྲུའུ་ཞི་ཞི་ཅིན་ཕེན་དང་ཁྱེད་གཉིས་ཀྱིས་ཕན་འབྲས་ཕུན་སུམ་ཚོགས་པའི་གྲོས་མོལ་མཛད་དེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་མཉམ་ལས་གོང་དུ་སྤེལ་བར་སྐུལ་འདེད་ཆེན་པོ་བཏང་ཡོད། ཀྲུང་གོས་འབར་མ་རྒྱལ་ཁབ་རང་གི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་བགྲོད་ལམ་དུ་སྐྱོད་པར་རྒྱབ་སྐྱོར་བྱེད་པ་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་མཉམ་ལས་ཀྱི་ཁ་ཕྱོགས་ཆེན་པོ་རྒྱུན་འཁྱོངས་བྱེད་པ་དང་། མཐོ་རིམ་འགྲོ་འོང་སྲུང་འཛིན་བྱེད་པ། རིམ་པ་སོ་སོའི་བརྗེ་རེས་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཀྲུང་གོ་དང་འབར་མའི་འབྲེལ་བར་རྒྱུན་ཆད་མེད་པར་སྒུལ་ཤུགས་གསར་བ་སྣོན་འདོད་ཡོད་ཟེར།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་བར་འབར་མའི་དཔལ་འབྱོར་ལ་ཁ་གསབ་རང་བཞིན་དྲག་པོ་ལྡན་པ་དང་མཉམ་ལས་ཀྱི་མདུན་ལྗོངས་རྒྱ་ཆེན་ལྡན། ཀྲུང་གོས་འབར་མའི་བར་གྱི་འཕེལ་རྒྱས་འཐབ་ཇུས་ཀྱི་འབྲེལ་འདྲིས་ལ་ཤུགས་སྣོན་པ་དང་། ལས་གཞི་གལ་ཆེན་གྱི་འཛུགས་སྐྲུན་བརྟན་བརླིང་ངང་སྤེལ་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་པ་དང་། ཁུལ་ཁོངས་ཀྱི་མཉམ་ལས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ལིས་ཁི་ཆང་གིས་ནན་གྱིས་བསྟན་དོན། འབར་མའི་བྱང་ཕྱོགས་ས་ཁུལ་གྱི་ཞི་བདེ་བརྟན་འཇགས་ནི་ཐད་ཀར་དུ་ཀྲུང་གོའི་ལྷོ་ནུབ་ཕྱོགས་ཀྱི་བདེ་འཇགས་ལ་འབྲེལ་བ་ཡོད། ཀྲུང་གོས་རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་དང་ས་ཁུལ་གྱི་ཞི་བདེ་ལྷིང་འཇགས་ལ་གཏོར་བརླག་ཐེབས་སུ་འཇུག་མི་འདོད་ལ། འབར་མ་ཕྱོགས་ཀྱིས་རྒྱལ་ནང་གི་ཞི་བདེ་དང་འགྲིག་མཐུན་མངོན་འགྱུར་བྱེད་པར་རྒྱབ་སྐྱོར་བྱེད་འདོད་པ་དང་། འབར་མའི་རྒྱལ་ནང་གི་ཞི་བདེའི་འཕེལ་རིམ་ཐད་མུ་མཐུད་དུ་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་འདོན་འདོད་ཡོད་ཟེར།

ཝུའུ་ཐིན་ཅེའོ་ཡིས་འབར་མས་ཀྲུང་གོའི་བར་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་ཞིང་ལས། དམངས་ཚིས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད་ལ། འབར་མ་དང་ཀྲུང་གོའི་མཐའ་མཚམས་ས་ཁུལ་གྱི་གཏན་འཇགས་ལ་སྟོབས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱེད་འདོད་ཡོད་ཟེར།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།