ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ལྷན་གྱི་བདེ་འཇགས་ཐོན་སྐྱེད་སྐོར་ཞིབ་ཚོགས་ཆུང་ཁག་གསུམ་པ་ཞིང་ཆེན་བརྒྱད་དུ་བཅའ་སྡོད་བྱས་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2017-04-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་རྒྱལ་ཁབ་བདེ་འཇགས་ལྟ་སྐུལ་སྤྱི་ཁྱབ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ལྷན་གྱི་བདེ་འཇགས་ཐོན་སྐྱེད་སྐོར་ཞིབ་ཚོགས་ཆུང་8པེ་ཅིང་དང་། ཧོ་པེ། ཀྲེ་ཅང་། ཧྥུའུ་ཅན། ཅང་ཤིས། ཁྲུང་ཆིང་། ཉིང་ཞ། ཤིན་ཅང་སོགས་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་8དུ་སྔ་རྗེས་སུ་བཅའ་སྡོད་བྱས་ནས་ཁག་གསུམ་པའི་སྐོར་ཞིབ་ལས་དོན་སྤེལ་འགོ་ཚུགས་ཡོད་པ་རེད། ཟླ་6པའི་ནང་ནང་སོག་དང་། ཧྲང་ཧའེ། ཧུའུ་པེ། ཧའེ་ནན། བོད་ལྗོངས། ཀན་སུའུ། མཚོ་སྔོན། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་བཅས་སུ་ཁག་བཞི་པའི་སྐོར་ཞིབ་ལས་དོན་སྤེལ་རྒྱུ་ཡིན་པ་རེད། འདི་ལོའི་སྐོར་ཞིབ་ལས་དོན་མཇུག་འགྲིལ་རྗེས་རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་སྲིད་གཞུང་དུ་བདེ་འཇགས་ཐོན་སྐྱེད་སྐོར་ཞིབ“ཁྱོན་ཡོངས་ལ་ཁྱབ་པ”ཐེངས་དང་པོ་བྱེད་རྒྱུ་ཡིན་པ་རེད།

སྐོར་ཞིབ་ཚོགས་ཆུང་གིས་ཉུང་མཐར་ཡང་ས་གནས་སུ་ལས་དོན་ཟླ་1ཡན་སྤེལ་ནས་གནད་དོན་ཞིབ་བཤེར་དང་དག་ཐེར་ལ་སྐུལ་འདེད་གཏོང་རྒྱུ་ལས་འགན་གཙོ་བོར་བཟུང་སྟེ་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གིས་བདེ་འཇགས་ཐོན་སྐྱེད་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་ཚུལ་དང་། 《བདེ་འཇགས་ཐོན་སྐྱེད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར》ལག་བསྟར་དོན་འཁྱོལ་བྱེད་ཚུལ། ལས་འཛོལ་གལ་ཆེན་དང་ཚབས་ཆེན་བཀག་འགོག་གི་ལས་དོན་སྤེལ་ཚུལ། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་མ་ལག་འཐུས་སྒོ་ཚང་དུ་དང་འཛུགས་ཚུལ། བདེ་འཇགས་ཐོན་སྐྱེད་ཀྱི་ལྟ་སྐུལ་དོ་དམ་སྒྲིག་གཞི་དང་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་ཚུལ། ཁྲིམས་བཞིན་བདེ་འཇགས་ལ་སྐུལ་འདེད་གཏོང་ཚུལ། གཙོ་གནད་ལས་རིགས་དང་ཁྱབ་ཁོངས་སུ་ཆེད་དོན་བཅོས་སྒྲིག་བྱེད་ཚུལ། བདེ་འཇགས་ཀྱི་གཞི་རྩའི་འཇོན་ཐང་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་ཚུལ་སོགས་ལ་གཙོ་གནད་ཐོག་ཞིབ་བཤེར་བྱེད་རྒྱུ་ཡིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་བདེ་འཇགས་ཐོན་སྐྱེད་སྐོར་སྐྱོད་ཞིབ་བཤེར་ལས་དོན་ཐད་ཁེ་ལས་ཀྱི་ཐོན་སྐྱེད་བྱེད་ཡུལ་དངོས་སུ་ཞིབ་བཤེར་ཐག་གཅོད་དང་ཡོངས་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ་རེད། ཁེ་ལས་ཀྱི་ཐོན་སྐྱེད་བྱ་ཡུལ་དངོས་སུ་ཁེ་ལས་ལ་ཞིབ་བཤེར་ཐུབ་པའི་གནད་དོན་དང་མི་མངོན་པའི་རྐྱེན་ངན་ལ་སྐོར་ཞིབ་ཚོགས་ཆུང་གིས་ཐད་ཀར་ཐག་གཅོད་བསམ་འཆར་འདོན་རྒྱུ་དང་འབྲེལ་ས་གནས་སྲིད་གཞུང་དང་སྡེ་ཚན་གྱིས་ཞིབ་བཤེར་ཐག་གཅོད་དང་དོན་འཁྱོལ་ནན་ཏན་བྱེད་རྒྱུར་སྐུལ་ལྕག་བྱེད་རྒྱུ་ཡིན་པ་རེད། ཁེ་ལས་ནང་མི་མངོན་པའི་རྐྱེན་ངན་གལ་ཆེན་གནས་མོད། འོན་ཀྱང་ས་གནས་ཀྱིས་ཞིབ་བཤེར་ཐེངས་མང་བྱས་རུང་ཤེས་རྟོགས་ཐུབ་མེད་པའམ་ཡང་ན་ཤེས་རྟོགས་ཐུབ་ནས་ཆད་པ་བཅད་མེད་རིགས་ལ་ས་གནས་སྲིད་གཞུང་དང་སྡེ་ཚན་གྱི་འགན་འཁྲི་ལྡོག་བཤེར་བྱེད་རྒྱུ་ཡིན་པ་རེད། སྐོར་ཞིབ་ལས་དོན་ནང་ཤེས་རྟོགས་ཐུབ་པའི་དཔེ་མཚོན་ཁྲིམས་འགལ་དང་སྒྲིག་འགལ་གྱི་བྱེད་སྤྱོད་དང་མི་མངོན་པའི་རྐྱེན་ངན་གལ་ཆེན་དག་སྨྱན་སྦྱོར་ཚན་པ་གཙོ་བོས་ཡོངས་བསྒྲགས་བྱེད་རྒྱུ་ཡིན་པ་རེད།

རྩོམ་སྒྲིག་པ། : འབུམ་པ་རྒྱལ།