ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕེན་དང་ཅོར་ཏན་རྒྱལ་ཁབ་ཀྱི་རྒྱལ་བོ་གཉིས་ཀྱིས་ཕན་ཚུན་ལ་གློག་འཕྲིན་བཏང་སྟེ་ཀྲུང་གོ་དང་ཅོར་ཏན་རྒྱལ་ཁབ་བར་འབྲེལ་བ་བཙུགས་ནས་ལོ་འཁོར་བཞི་བཅུ་ལོན་པར་རྟེན་འབྲེལ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-04-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་སྔོན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་དང་ཅོར་ཏན་རྒྱལ་ཁབ་ཀྱི་རྒྱལ་བོ་ཨ་པུའུ་ཏུའུ་ལ་སྐུ་ཕྲེང་གཉིས་པས་ཕན་ཚུན་བར་གློག་འཕྲིན་བཏང་སྟེ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར་བཞི་བཅུ་ལོན་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕེན་གྱིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བསྟན་དོན། ལོ་ངོ་བཞི་བཅུའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་མཐུད་དེ་འཕེལ་རྒྱས་སུ་སོང་བ་དང་། ཆབ་སྲིད་ཡིད་རྟོན་རྒྱུན་མ་ཆད་པར་ཇེ་དྲག་ཏུ་སོང་ལ། མཐོ་རིམ་བར་གྱི་བརྗེ་རེས་འགྲོ་འོང་ཇེ་མང་དུ་སོང་། ཕྱོགས་གཉིས་ཀས་ས་ཁུལ་དང་རྒྱལ་སྤྱིའི་ལས་དོན་ཁྲོད་བརྗེ་རེས་བཟང་བོ་སྲུང་འཛིན་བྱས་པ་དང་། དཔལ་འབྱོར་ཉོ་ཚོང་དང་རིག་གནས། སློབ་གསོ་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་ཐད་ནས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད། 2015ལོར། ང་ཚོས་མཉམ་དུ་ཀྲུང་གོ་དང་ཅོར་ཏན་རྒྱལ་ཁབ་གཉིས་བར་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་པ་དྲིལ་སྒྲོག་བྱས། མ་འོངས་བར་རྒྱང་བལྟ་བྱས་ན། ང་རང་ཀྲུང་གོ་དང་ཅོར་ཏན་བར་གྱི་འབྲེལ་བའི་མཛེས་སྡུག་གི་མདུན་ལྗོངས་ཐད་ཡིད་ཆེས་ཀྱི་ཁེངས་ཡོད། ངས་ཀྲུང་གོ་དང་ཅོར་ཏན་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། ཁྱེད་དང་མཉམ་དུ་རྒྱལ་ཁབ་གཉིས་བར་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་གཏིང་ཟབ་ཏུ་བཏང་སྟེ། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་པའི་ཐད་འབད་འཐབ་བྱེད་འདོད་ཡོད་ཟེར།

ཨ་པུའུ་ཏུའུ་ལ་སྐུ་ཕྲེང་གཉིས་པས་གློག་འཕྲིན་ནང་བསྟན་དོན། ཅོར་ཏན་དང་ཀྲུང་གོ་བར་འབྲེལ་བ་བཙུགས་པའི་ཚུན་ནས། ཕྱོགས་གཉིས་ཀྱི་འབྲེལ་བ་ཉིན་རེ་བཞིན་ཇེ་དམ་དུ་སོང་བ་དང་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད་ལ། ང་རང་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་བརྩེ་བ་ཟབ་མོའི་ཐད་ང་སྤོབས་སེམས་ཆེན་པོ་སྐྱེས་ཡོད། ང་ཚོས2015ལོར་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་གྲོས་མཐུན་བཀོད་པ་དང་། དཔལ་འབྱོར་ཉོ་ཚོང་མཉམ་ལས་ནི་ཅོར་ཏན་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཁ་ཕྱོགས་གཙོ་བོ་ཡིན་པས། ཅོར་ཏན་ཕྱོགས་ཀྱིས་རྒྱུད་གཅིག་ལམ་གཅིག་གི་གྲོས་གཞིའི་འོག་མུ་མཐུད་དུ་ཀྲུང་གོ་ཕྱོགས་དང་མཉམ་ལས་སྤེལ་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།