ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་གླེང་སྟེགས་སྟེང་ཞུགས་ནས་གསུང་བཤད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ས་དེའི་ཚེས་ཉེར་བཞི་ཉིན་གྱི་ཕྱི་དྲོར་ཞི་ཉི་ནས། ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཐི་ཨིན་པུའུ་ཨར་དང་ལྷན་དུ་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་གླེང་སྟེགས་སྟེང་ཞུགས་པར་མ་ཟད་གསུང་བཤད་གནང་།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡ་གཉིས་ཀྱིས་མཉམ་ལས་འབྲེལ་བ་བཙུགས་ནས་ལོ་ངོ་ཞེ་བཞི་འགོར་བའི་རིང་ལ། ཕན་ཚུན་ཕྱོགས་གཉིས་ཀའི་འབྲེལ་བ་ཐོག་མར་གྲུབ་པ་ནས་རིམ་གྱིས་འཐུས་ཚང་ཅན་དང་བརྟན་འཇགས་བདེ་ཐང་ཅན་གྱི་འཕེལ་རྒྱས་བརྒྱུད་ལམ་སྟེང་དུ་འཕོས་ཡོད། ཉིས་སྟོང་བཅུ་བཞི་ལོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཨོ་སི་ཁྲུ་ལི་ཡ་ལ་རྒྱལ་དོན་འཚམས་འདྲི་གནང་བ་བརྒྱུད། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ཁྱོན་ཡོངས་འཐབ་ཇུས་ཀྱི་རྣམ་པ་བཟང་བོ་གྲུབ། མིག་སྔར། ཕྱོགས་གཉིས་ཀའི་ཉོ་ཚོང་འབྲེལ་བ་བརྟན་འཇགས་ཁྲོད་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ་དང་། ཕྱོགས་གཉིས་ཀའི་དངུལ་གཏོང་མཉམ་ལས་བྱ་བ་ཡང་དེར་བསྟུན་ནས་ཇེ་རྒྱས་ཇེ་ལེགས་སུ་སོང་ཡོད། ཕན་ཚུན་གྱི་དགེ་མཚན་འདོན་སྤེལ་དང་ཞན་ཆ་གསབ་རེས་བྱེད་པ། ཕན་ཚུན་རོགས་རེས་གཉིས་ཕན་གྱི་འབྲེལ་བ་འདི་འདྲ་དུས་ཡུན་རིང་བོར་བརྟན་འཇགས་ཀྱི་ཁྲོད་ནས་རྒྱུན་འཁྱོངས་བྱེད་རྒྱུ་ནི། རྒྱལ་སྤྱིའི་འགྱུར་ལྡོག་སྣ་མང་ཐེག་མིན་ལ་ཚོད་བགམ་བྱེད་སྤྱད་ཅིག་རེད་ཟེར།

ལིས་ཁི་ཆང་གིས་མདོར་བསྡུས་ངང་ཀྲུང་གོའི་དཔལ་འབྱོར་གནས་བབ་མཚམས་སྦྱོར་བྱས་རྗེས། ཀྲུང་གོས་ན་ནིང་བརྒྱ་ཆའི་དྲུག་དང་གྲངས་ཆུང་བདུན་ལྷག་གི་འབྲིང་ཙམ་པའི་འཕར་ཚད་མངོན་འགྱུར་བྱུང་བ་དང་། དཔལ་འབྱོར་སྒྲིག་གཞི་རྒྱུན་མཐུད་ངང་ལེགས་བསྒྱུར་བྱས་པར་མ་ཟད། ཐོན་ལས་གསར་བ་དང་ལས་རྣམ་གསར་བ། རྣམ་པ་གསར་བ་བཅས་དར་རྒྱས་ཆེན་པོ་བྱུང་ནས། སྲོལ་རྒྱུན་ཐོན་ལས་མི་ཉུང་བ་ཞིག་ལ་ལེགས་བཅོས་མཐོར་འདེགས་ཁྲོད་དུ་གསོན་སྟོབས་རྒྱས། ད་ལོའི་ཟླ་སྔོན་མ་གཉིས་ཀྱི་རིང་ལ། ཀྲུང་གོའི་དཔལ་འབྱོར་བརྟན་འཇགས་ཀྱི་ཁྲོད་ནས་འཕར་རྒྱས་བྱུང་བ་དང་། བརྟན་འཇགས་ཀྱི་ཁྲོད་ནས་རྣམ་པ་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་བྱུང་། ང་ཚོས་ཕྱོགས་སོ་སོའི་གནད་ས་གཙོ་བོར་སྣེ་སྟོན་གྱིས་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་བྱ་བའི་སྟེང་བསྒྱུར་དགོས་པ་དང་མཉམ་དུ། རིམ་པ་མཐོ་ལ་ཟབ་ཚད་ཡོད་པའི་ཆུ་ཚད་ཅན་གྱི་ཕྱི་ཕྱོགས་སྒོ་འབྱེད་བྱ་བ་ཡར་ལྡན་དུ་སྤེལ་ནས། འདྲ་མཉམ་དང་ཕྱི་གསལ་ནང་གསལ། ཚད་ལྡན་ཅན་གྱི་ཉོ་ཚོང་ཁོར་ཡུག་ལེགས་པར་བསྐྲུན་པ་བརྒྱུད། འགུག་ཤུགས་ཆེ་ལ་རྒྱལ་ཁོངས་ལས་བརྒལ་བ་ཅན་གྱི་དངུལ་གཏོང་དམིགས་འབེན་རྟེན་གཞི་སྐྲུན་དགོས་ཟེར།

ཐི་ཨིན་པུའུ་ཨར་གྱིས་ཤིས་ཚིག་ཁྲོད་ཙུང་ལི་ལིས་ཁི་ཆང་གིས་ཐེངས་འདིའི་རྒྱལ་དོན་འཚམས་འདྲི་བྱས་པའི་རིང་ལ། རྒྱལ་ཁབ་གཉིས་བར་གྲུབ་པའི་ཐུན་མོང་གི་ལྟ་བ་དང་གྲུབ་འབྲས་མཚམས་སྦྱོར་བྱས་ཏེ། ཨོ་སུ་ཁྲུ་ལི་ཡ་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་སྔར་ལས་ལྷག་པའི་སྒོ་ནས་ཞབས་ཞུའི་ཉོ་ཚོང་དང་དངུལ་གཏོང་ཁྱབ་ཁོངས་ཀྱི་ཉོ་ཚོང་མཉམ་ལས་ནུས་པ་སྔོག་འདོན་བྱས་ཏེ། གསར་གཏོད་ཞིབ་འཇུག་འདོན་སྤེལ་མཉམ་ལས་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། མཉམ་དུ་ཉོ་ཚོང་སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་བྱས་ཏེ། ཁྱབ་ཁོངས་སོ་སོའི་མཉམ་ལས་འབྲེལ་བར་ཤུགས་བསྣན་མཐར། རྒྱལ་ཁབ་གཉིས་མཉམ་དུ་འཕེལ་རྒྱས་འགྲོ་བའི་རེ་འདུན་མངོན་དུ་འགྱུར་བར་འབད་འབུངས་བྱེད་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།