ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་མཇལ་འཕྲད་གནང་བར་མ་ཟད་གསར་འགོད་པའི་དྲི་བར་ལན་བཏབ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས15ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་ལྡན་ཚོམས་ཁང་ནས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་མཇལ་འཕྲད་གནང་བར་མ་ཟད་གསར་འགོད་པའི་དྲི་བར་ལན་བཏབ།

ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་གནད་དོན་སྐོར་ནས་ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱེད་པ་ནི་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་ཆབ་སྲིད་རྨང་གཞི་ཡིན་པས། གནས་བབ་ཀྱི་འགྱུར་ལྡོག་ལ་བསྟུན་ནས་གཡོ་འགུལ་བྱེད་མི་སྲིད་ལ་བྱེད་ཀྱང་མི་རུང་བ་དང་། ཆབ་སྲིད་ཀྱི་རྨང་གཞི་དེ་འདྲ་ཞིག་ཡོད་ན་ཀྲུང་གོ་དང་ཨ་མེ་རི་ཁའི་མཉམ་ལས་ལ་མདུན་ལྗོངས་རྒྱ་ཆེན་པོ་ཡོད་ཟེར།

ཀྲུང་གོས་ད་ལོར་དཔལ་འབྱོར་འཕར་ཚད་ཀྱི་སྔོན་དཔག་དམིགས་འབེན་དེ་བརྒྱ་ཆའི་དྲུག་དང་གྲངས་ཆུང་ལྔ་ཡས་མས་སུ་ཇེ་དམའ་རུ་གཏོང་བ་དེས་འཛམ་གླིང་དཔལ་འབྱོར་ཐད་མི་ལེགས་པའི་ཤུགས་རྐྱེན་ཐེབས་མིན་གྱི་གནད་དོན་སྐོར་ནས་ལིས་ཁི་ཆང་གིས་གསུངས་རྒྱུར། བརྒྱ་ཆའི་དྲུག་དང་གྲངས་ཆུང་ལྔའི་འཕར་ཚད་དེ་མི་དམའ་ཞིང་ལས་སླ་མོ་ཞིག་ཀྱང་མིན། ཀྲུང་གོས་དེ་ལྟར་སྒྲུབ་པ་ནི་དཔལ་འབྱོར་གྱི་ཆོས་ཉིད་དང་མཐུན་པ་དང་། ཡིད་འཇོག་ནུས་པ་དེ་གཙོ་བོ་སྤུས་ཚད་དང་ཕན་འབྲས་ཐད་ལ་བཏོན་ན་འཛམ་གླིང་དཔལ་འབྱོར་འཕར་ཚད་ཐད་ལ་བྱས་རྗེས་བཞག་ཚད་དེ་དམའ་མི་སྲིད་ལ། ཀྲུང་གོ་སྔར་བཞིན་དུ་འཛམ་གླིང་གི་དཔལ་འབྱོར་བསྐྱར་དར་གྱི་ནུས་པ་ཞན་པའི་གནས་ཚུལ་འོག་ཏུ་འཕར་སྣོན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གཙོ་བོ་ཡིན་ཟེར།

སྲིད་བསྡུ་དབང་གཏོང་གི་གནད་དོན་སྐོར་ནས་ལིས་ཁི་ཆང་གིས་གསུངས་རྒྱུར། སྲིད་བསྡུ་དབང་གཏོང་གི་སྲོག་ཤིང་ནི་སྲིད་གཞུང་གི་འགན་ནུས་སྒྱུར་རྒྱུ་དེ་ཡིན་པས། སྲིད་གཞུང་དང་ཚོང་རའི་འབྲེལ་བ་ཐག་གཅོད་བཟང་པོ་བྱེད་དགོས་པ་དང་བློ་ཐག་རྦད་ཆོད་སྒོས་ལག་བསྟར་བྱེད་དགོས་ཟེར།

ལས་ཞུགས་གནད་དོན་སྐོར་ནས་ལིས་ཁི་ཆང་གིས་གསུངས་རྒྱུར། གཞི་ཁྱོན་ཆེ་བའི་ཚོགས་ཁག་རང་བཞིན་གྱི་ལས་ཤོར་འབྱུང་མི་སྲིད་ལ་འབྱུང་ཡང་མི་རུང་ཟེར།

དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་བྱ་བ་དར་རྒྱས་གོང་འཕེལ་དུ་གཏོང་བའི་སྐོར་གླེང་སྐབས་ལིས་ཁི་ཆང་གིས་གསུངས་རྒྱུར། དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པ་དེས་ལས་ཞུགས་གང་མང་ལ་སྣེ་ཁྲིད་བྱས་པ་དང་། གསར་སྐྲུན་གྱིས་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པའི་འཐབ་ཇུས་ལག་བསྟར་ནན་མོ་བྱས་ཤིང་། སྲིད་གཞུང་གིས་ཁོར་ཡུག་གསར་སྐྲུན་བྱས་ནས་མི་དམངས་མང་ཚོགས་ཀྱིས་གསར་སྐྲུན་ལས་སྤེལ་བྱེད་པའི་སྤྲོ་སེམས་ཇེ་ཆེར་གཏོང་དགོས་ཟེར།

ཁྲའོ་ཞན་ཕྱེད་གླིང་གི་གནད་དོན་སྐོར་ནས་ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་ནི་དུས་དང་རྣམ་པ་ཀུན་ཏུ་ཉིང་རྡུལ་མཚོན་ཆ་ཁྱབ་གདལ་དུ་མི་འགྲོ་བར་སྲུང་སྐྱོབ་བྱེད་མཁན་ཡིན་པ་དང་། འབྲེལ་ཡོད་ཕྱོགས་སོ་སོས་མཉམ་དུ་འབད་བརྩོན་བྱས་ཏེ། གྲོས་མོལ་གྱི་ཐབས་ལམ་དུ་ཡང་བསྐྱར་ཞུགས་ནས་ཛ་དྲག་ཆེ་བའི་སྣང་ཚུལ་དེ་ཞི་འཇགས་སུ་གཏོང་དགོས་ཟེར།

ལིས་ཁི་ཆང་གིས་ད་དུང་འཛམ་གླིང་ཅན་དང་དཔྱ་ཁྲལ་ཇེ་ཉུང་དང་འགྲོ་གྲོན་ཇེ་དམའ་རུ་གཏོང་བ་དང་། ཞང་ཀང་གི་གནད་དོན། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ། དེ་མིན་ཀྲུང་གོ་དང་ཨུ་རུ་སི་དང་ཀྲུང་གོ་དང་ཡོ་རོབ་གླིང་། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་བར་གྱི་འབྲེལ་བ་སོགས་གནད་དོན་ཐད་ནས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པའི་དྲི་བར་ལན་བཏབ།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།