ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པ་གྲོལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2e7609ab9a9f7863e65ed18f1aab9ed5.jpg

 ཟླ3པའི་ཚེས15ཉིན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོལ། ཞི་ཅིན་ཕེན་དང་ལིས་ཁི་ཆང་། ཡུས་ཀྲིན་ཧྲིན། ལིག་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཀྲུའུ་ཞིའི་སྟེགས་བུའི་སྟེང་བཞུགས། 

f7f15751f4f8b47a7ed78e6441ab275b.jpg

ཟླ3པའི་ཚེས15ཉིན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོལ། ཞི་ཅིན་ཕེན་དང་ལིས་ཁི་ཆང་། ཡུས་ཀྲིན་ཧྲིན། ལིག་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཀྲུའུ་ཞིའི་སྟེགས་བུའི་སྟེང་བཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པའི་གྲོས་རིམ་སྣ་ཚོགས་ཕུན་སུམ་ཚོགས་པར་ལེགས་འགྲུབ་བྱུང་ནས་ཚེས་བཅོ་ལྔ་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོལ། ཚོགས་ཆེན་ནས་སྲིད་གཞུང་བྱ་བའི་སྙན་ཞུ་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་སོགས་ལ་ཆོག་མཆན་བཀོད་པ་དང་། དམངས་ཁྲིམས་སྤྱིའི་རྩ་དོན་ལ་གྲོས་འཆམ་བྱུང་ནས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཀྲུའུ་ཞིའི་བཀའ་ཁྱབ་རེ་དྲུག་པའི་སྟེང་མིང་བཀོད་དེ་ཁྱབ་སྒྲོག་བྱས་ལ། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་འཐུས་མིའི་གྲངས་ཀ་དང་འདེམ་བསྐོའི་གནད་དོན་སྐོར་གྱི་ཆོད་དོན་སོགས་བཅའ་ཁྲིམས་ཡིག་ཆ་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་།

ཚོགས་ཆེན་ལ་ཞུགས་དགོས་པའི་འཐུས་མི་སྟོང་གཉིས་དང་དགུ་བརྒྱ་ཉེར་བཞི་ཡོད་པ་དང་། འཐུས་མི་སྟོང་གཉིས་དང་བརྒྱད་བརྒྱ་སོ་བརྒྱད་ཚོགས་འདུར་ཞུགས་ལ། མི་གྱ་དྲུག་ཚོགས་ཐོག་ཏུ་མ་འབྱོར། ཚོགས་འདུར་ཞུགས་པའི་མི་གྲངས་བཅའ་ཁྲིམས་ཀྱི་གཏན་ཁེལ་མི་གྲངས་དང་མཐུན།

གྲོས་ཚོགས་གྲོལ་བའི་མཛད་སྒོར་ཚོགས་ཆེན་གྱི་ཀྲུའུ་ཞིའི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་མགོ་འཛིན་མཛད།

ཞི་ཅིན་ཕེན་དང་ལིས་ཁི་ཆང་། ཡུས་ཀྲིན་ཧྲིན། ལིག་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས་བཅས་དང་ཚོགས་ཆེན་གྱི་ཀྲུའུ་ཞིའི་ཚོགས་པའི་ཁོངས་མི་རྣམས་ཀྲུའུ་ཞིའི་སྟེགས་བུའི་སྟེང་བཞུགས།

ཚོགས་ཆེན་གྱི་ཀྲུའུ་ཞིའི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ལིས་ཅན་གོ་དང་ཝང་ཧྲིན་ཅོན། ཁྲིན་ཁྲང་ཀྲི། ཡན་ཅོན་ཆི། ཝང་ཁྲིན། ཧྲིན་ཡེའོ་ཡེའོ། ཅི་པེན་ཞོན། ཀྲང་ཕེན། བྱམས་པ་ཕུན་ཚོགས། ཨེ་ལེ་ཀིན་དབྱེ་མེན་པ་ཧེ། ཝན་ཨི་ཞང་། ཀྲང་པའོ་ཝུན། ཁྲིན་ཀྲུའུ་བཅས་ཀྲུའུ་ཞི་སྟེགས་བུའི་ལག་བསྟར་ཀྲུའུ་ཞིའི་བཞུགས་གྲལ་དུ་བསྡད།

སྔ་དྲོའི་དུས་ཚོད་དགུའི་སྟེང་། ཀྲང་ཏི་ཅང་གིས་ཚོགས་ཆེན་མགོ་བརྩམས་པ་ཁྱབ་བསྒྲགས་མཛད།

གྲོས་ཚོགས་ནས་བརྡས་ཐག་བཅད་དེ་སྲིད་གཞུང་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་། གྲོས་ཆོད་ལས་བསྟན་དོན། གྲོས་ཚོགས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འདས་པའི་ལོ་གཅིག་གི་བྱ་བར་ཁས་ལེན་གང་ལེགས་བྱས་པ་དང་། སྙན་ཞུའི་ནང་དུ་བཏོན་པའི་ཉིས་སྟོང་བཅུ་བདུན་ལོའི་བྱ་བའི་སྤྱིའི་བཀོད་སྒྲིག་དང་དམིགས་འབེན་ལས་འགན། བྱ་བ་གཙོ་བོ། སྲིད་ཇུས་བྱེད་ཐབས་བཅས་ལ་འཐད་པ་བྱུང་ནས། སྙན་ཞུ་དེར་ཆོག་མཆན་འགོད་རྒྱུའི་ཐག་བཅད་པ་ཡིན་ཟེར།

གྲོས་ཚོགས་ནས་བརྡས་ཐག་བཅད་དེ་ཉིས་སྟོང་བཅུ་དྲུག་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་བྱས་པའི་གནས་ཚུལ་དང་ཉིས་སྟོང་བཅུ་བདུན་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་དང་། ཉིས་སྟོང་བཅུ་དྲུག་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་བྱས་པའི་གནས་ཚུལ་དང་ཉིས་སྟོང་བཅུ་བདུན་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་འཆར་ཟིན་སྐོར་གྱི་སྙན་ཞུ་ལ་ཆོག་མཆན་འགོད་རྒྱུ་དང་། ཉིས་སྟོང་བཅུ་བདུན་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལ་ཆོག་མཆན་འགོད་རྒྱུའི་ཐག་བཅད། བརྡས་ཐག་བཅད་དེ་ཉིས་སྟོང་བཅུ་དྲུག་ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ་དང་ཉིས་སྟོང་བཅུ་བདུན་ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་དང་། ཉིས་སྟོང་བཅུ་དྲུག་ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ་དང་ཉིས་སྟོང་བཅུ་བདུན་ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་ཞུ་ལ་ཆོག་མཆན་འགོད་རྒྱུ་དང་། ཉིས་སྟོང་བཅུ་བདུན་ལོའི་ཀྲུང་དབྱང་སྔོན་རྩིས་ལ་ཆོག་མཆན་འགོད་རྒྱུའི་ཐག་བཅད།

གྲོས་ཚོགས་ནས་བརྡས་ཐག་བཅད་དེ་དམངས་ཁྲིམས་སྤྱིའི་རྩ་དོན་ལ་གྲོས་འཆམ་བྱུང་། དམངས་ཁྲིམས་སྤྱིའི་རྩ་དོན་དེ་ཉིས་སྟོང་བཅུ་བདུན་ལོའི་ཟླ་བཅུ་པའི་ཚེས་གཅིག་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

གྲོས་ཚོགས་ནས་བརྡས་ཐག་བཅད་དེ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་འཐུས་མིའི་གྲངས་ཀ་དང་འདེམ་བསྐོའི་གནད་དོན་སྐོར་གྱི་ཆོད་དོན་ལ་གྲོས་འཆམ་བྱུང་བ་དང་། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་འཐུས་མི་འདེམ་བསྐོ་བྱེད་པའི་བྱེད་ཐབས་དང་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་འཐུས་མི་འདེམ་བསྐོ་བྱེད་པའི་བྱེད་ཐབས་ལ་གྲོས་འཆམ་བྱུང་། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་འཐུས་མིའི་གྲངས་ཀ་དང་འདེམ་བསྐོའི་གནད་དོན་གྱི་ཆོད་དོན་ལྟར་ན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་འཐུས་མི་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་དང་པོར་གདམ་རྒྱུ་རེད།

གྲོས་ཚོགས་ནས་བརྡས་ཐག་བཅད་དེ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་། གྲོས་ཆོད་ལས་བསྟན་དོན། གྲོས་ཚོགས་ནས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འདས་པའི་ལོ་གཅིག་གི་བྱ་བ་དང་ཐག་གཅོད་གྲོས་ཆོད་ལ་ཁས་ལེན་གང་ལེགས་བྱས་པ་དང་། སྙན་ཞུའི་ནང་དུ་བཏོན་པའི་རྗེས་ཕྱོགས་ཀྱི་ལོ་གཅིག་གི་ལས་འགན་དང་བྱ་བ་གཙོ་བོའི་བཀོད་སྒྲིག་ལ་འཐད་པ་བྱུང་ནས། སྙན་ཞུ་དེར་ཆོག་མཆན་འགོད་རྒྱུའི་ཐག་བཅད་པ་ཡིན་ཟེར།

གྲོས་ཚོགས་ནས་བརྡས་ཐག་བཅད་དེ་ཆེས་མཐོ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་ནས། སྙན་ཞུ་དེ་གཉིས་ལ་ཆོག་མཆན་འགོད་རྒྱུའི་ཐག་བཅད།

གྲོས་ཚོགས་ནས་བརྡས་ཐག་བཅད་དེ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞུའུ་ཞན་མེན་གྱིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་འགན་སྐྱུར་བའི་རེ་ཞུ་དང་ལེན་བྱེད་པར་གཏན་ཁེལ་བྱེད་པའི་སྐོར་གྱི་ཆོད་དོན་ལ་གྲོས་འཆམ་བྱུང་།

ཚོགས་ཆེན་གྱི་གྲོས་རིམ་སྣ་ཚོགས་ལེགས་འགྲུབ་བྱུང་རྗེས། ཀྲང་ཏི་ཅང་གིས་གསུང་བཤད་གནང་། ཁོང་གིས་གསུངས་རྒྱུར། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པས་དམངས་གཙོ་དང་མཐུན་སྒྲིལ། དངོས་གཉེར། ཡར་བརྩོན་བཅས་ཀྱི་འདུ་ཤེས་དར་སྤེལ་བྱས་པ་དང་། འཐུས་མི་ཡོངས་ཀྱི་ཐུན་མོང་གི་འབད་བརྩོན་འོག སྔོན་དཔག་གི་ལས་འགན་སྣ་ཚོགས་ཕུན་སུམ་ཚོགས་པར་ལེགས་འགྲུབ་བྱུང་། གྲོས་ཚོགས་ནས་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྣ་ཚོགས་ཐད་ནས་འཕེལ་རིམ་གསར་བ་དང་གྲུབ་འབྲས་གསར་བ་བླངས་པར་གདེང་འཇོག་མཐོན་པོ་བྱས། གྲོས་ཚོགས་ནས་སྲིད་གཞུང་དང་དམངས་ཆེན་སོགས་ཀྱི་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་བྱས་ཏེ་ཆོག་མཆན་བཀོད་པ་དང་། དམངས་ཁྲིམས་སྤྱིའི་རྩ་དོན་དང་འཐུས་མི་འདེམ་བསྐོ་སོགས་ཀྱི་བཅའ་ཁྲིམས་ཡིག་ཆ་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་ཞིང་། ཉིས་སྟོང་བཅུ་བདུན་ལོའི་བྱ་བའི་དམིགས་འབེན་ལས་འགན་དང་བཀོད་སྒྲིག་གཏན་ཁེལ་གསལ་པོ་བྱས། གྲོས་ཚོགས་ཀྱི་སྐབས་སུ། འཐུས་མི་རྣམས་ཀྱིས་མི་དམངས་ཀྱི་མངགས་བཅོལ་དང་དུ་བླངས་པ་དང་མི་དམངས་ཀྱི་སེམས་འདུན་མཚོན་པར་བྱས་ཏེ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་གནང་བའི་འགན་ནུས་ལག་བསྟར་བྱས་ནས་སེམས་ཤུགས་གཅིག་སྒྲིལ་གྱིས་གྲོས་ཞིབ་ནན་མོ་བྱས། གྲོས་ཚོགས་བསམ་བློ་གཅིག་གྱུར་དང་ཡིད་ཆེས་ཆེར་སྐྱེད། སྟོབས་ཤུགས་གཅིག་སྒྲིལ། ཡར་རྒྱས་མདུན་སྐྱོད་བཅས་ཀྱི་དམིགས་འབེན་ལ་སླེབས་པ་དང་། གྲོས་ཚོགས་ཀྱི་གྲུབ་འབྲས་ཀྱིས་ཏང་གི་འདོད་བློ་དང་མི་དམངས་ཀྱི་སེམས་འདུན་གཅིག་གྱུར་བྱས་པ་མངོན་པར་མཚོན་ལ། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་ཐུན་མོང་གི་རེ་འདུན་གསལ་པོར་མཚོན་ཡོད་ཟེར།

ཀྲང་ཏི་ཅང་གིས་ནན་གྱིས་བསྟན་དོན། ཉིས་སྟོང་བཅུ་བདུན་ལོར། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པ་བསྡུ་རྒྱུ་ཡིན་ལ། འདི་ནི་ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཆེས་གཙོ་བོ་ཡིན་པས། ང་ཚོས་བརྟན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་བྱེད་ཐབས་རྒྱུན་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། མི་དམངས་དཀྱིལ་སྙིང་ཡིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱེད་པ། འཕར་སྣོན་བརྟན་འཇགས་སུ་གཏོང་བ་དང་། བཅོས་སྒྱུར་ལ་ཡར་སྐུལ་བྱེད་པ། གྲུབ་ཚུལ་ལེགས་སྒྲིག་བྱེད་པ། དམངས་ཚིས་ལ་ཕན་འདོགས་པ། ཉེན་ཁ་འགོག་པ་བཅས་ཀྱི་བྱ་བ་སྣ་ཚོགས་ཁྱོན་ཡོངས་ནས་བཟང་པོར་སྒྲུབ་པ། ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་འགན་སྣ་ཚོགས་ཕུན་སུམ་ཚོགས་པར་ཡོངས་འགྲུབ་བྱེད་པ། དཔལ་འབྱོར་བརྟན་བརླིང་དང་བདེ་ཐང་ངང་འཕེལ་རྒྱས་དང་སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ཡོང་བར་ཡར་སྐུལ་བྱེད་པ་བཅས་བྱས་ཏེ། ཁྱད་དུ་འཕགས་པའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས་ཟེར།

ཀྲང་ཏི་ཅང་གིས་བསྟན་དོན། དམངས་ཁྲིམས་སྤྱིའི་རྩ་དོན་སྒྲིག་པ་ནི་ཏང་ཀྲུང་དབྱང་གིས་གཏན་ཁེལ་བྱས་པའི་ཁྲིམས་འཛུགས་ཀྱི་ལས་འགན་གལ་ཆེན་ཡིན་ལ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་རེ་འདོད་ཆེན་པོ་ཡང་ཡིན། དམངས་ཁྲིམས་སྤྱིའི་རྩ་དོན་གྱིས་དམངས་ཁྲིམས་ཁྲིམས་གཞུང་སྒྲིག་པའི་སྒོ་འཕར་ཕྱེས་པ་དང་། དམངས་ཁྲིམས་ཁྲིམས་གཞུང་ཁྲོད་དུ་སྤྱིའི་བཀོད་འདོམས་རང་བཞིན་གྱི་ནུས་པ་ཐོན་ཡོད། དམངས་ཁྲིམས་སྤྱིའི་རྩ་དོན་གྱིས་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་བླང་བྱ་ལག་བསྟར་དང་། མི་དམངས་ཀྱི་གོ་གནས་གཙོ་བོ་རྒྱུན་འཁྱོངས། རང་རྒྱལ་གྱི་གནས་ཚུལ་དང་དོན་དངོས་ལ་རྐང་འཛུགས་པ་རྒྱུན་འཁྱོངས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་རྒྱུན་འཁྱོངས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ། རང་རྒྱལ་གྱི་དམངས་དོན་ཁྲིམས་སྐྱོང་གི་ཉམས་མྱོང་འཛིན་སྤེལ། གནས་བབ་གསར་པ་དང་བླང་བྱ་གསར་པར་རུང་བསྟུན་བཅས་བྱས་ཏེ། ཁྱོན་ཡོངས་དང་ཆ་ཚང་བའི་སྒོ་ནས་རང་རྒྱལ་གྱི་དམངས་དོན་བྱ་འགུལ་གྱི་གཞི་རྩའི་ཆོད་དོན་དང་སྤྱིར་བཏང་རང་བཞིན་གྱི་སྒྲིག་སྲོལ་གཏན་ཁེལ་བྱས་ནས། དམངས་ཁྲིམས་ཁྲིམས་གཞུང་སྒྲིག་པར་རྨང་གཞི་བརྟན་པོ་བཏིངས་ཡོད། ང་ཚོས་ལས་འགན་ལ་ངོ་མི་གནོང་བ་དང་ཡང་འབད་བསྐྱར་འབད་ཀྱིས་དམངས་ཁྲིམས་ཁྲིམས་གཞུང་གི་ལེའུ་སོ་སོའི་རྩོམ་སྒྲིག་བྱ་བ་མྱུར་དུ་སྤེལ་ནས། ཉིས་སྟོང་ཉི་ཤུ་ལོར་ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་དུས་རབས་ཀྱི་ངོ་བོ་མངོན་པ། མི་དམངས་ཀྱི་རེ་འདུན་མཚོན་པ་བཅས་ཀྱི་དམངས་ཁྲིམས་ཁྲིམས་གཞུང་ཞིག་གྲུབ་པར་ཁག་ཐེག་བྱེད་དགོས་ཟེར།

ཀྲང་ཏི་ཅང་གིས་བསྟན་དོན། དམངས་ཆེན་གྱི་འཐུས་མི་འདེམ་བསྐོ་བྱེད་པ་ནི་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ཀྱི་རྨང་གཞི་གལ་ཆེན་ཡིན་ལ། ཏང་གི་སྲིད་འཛིན་གོ་གནས་སྲ་བརྟན་དུ་གཏོང་བ་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པར་འགན་སྲུང་བྱེད་པ། རྒྱལ་ཁབ་ཀྱི་སྲིད་དབང་འཛུགས་སྐྲུན་ལ་ཤུགས་སྣོན་པ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན། ང་ཚོས་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་དམངས་གཙོ་དར་སྤེལ་གང་ལེགས། ཁྲིམས་ལྟར་བྱ་བ་ནན་མོར་སྒྲུབ་པ་བཅས་བྱས་ཏེ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དབང་ཟིལ་དང་གཟི་ཉམས་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་པ་དང་། སྐབས་བརྗེའི་སྒྲིག་ཁྲིམས་ཇེ་དམ་དུ་བཏང་ནས། འདེམ་བསྐོ་བྱ་བའི་སྤྱོད་ངན་གཙང་སེལ་ཡོང་བར་ཁག་ཐེག་དང་འདེམ་བསྐོའི་མཇུག་འབྲས་ལ་མི་དམངས་ཡིད་ཚིམ་པར་ཁག་ཐེག་བྱེད་དགོས་ཟེར།

ཀྲང་ཏི་ཅང་གིས་གསུངས་རྒྱུར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་བཏང་ནས། ཧུར་བརྩོན་རྒྱལ་སྐྱོང་དང་ཡར་བརྩོན་ལྷོད་མེད། ལག་ལེན་བྱེད་ཕོད་པ། གསར་སྤེལ་གསར་སྐྲུན་བཅས་བྱས་པ་དང་། ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་གཅིག་གྱུར་གྱིས་ལག་བསྟར་དང་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་སྒོས་ལག་བསྟར་བྱས་ནས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བསྐྲུན། ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་ལྡན་པའི་རླབས་ཆེན་འཐབ་རྩོད་ཀྱི་ལག་ལེན་ཁྲོད་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཏང་ཡོངས་དང་དམངས་ཡོངས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་བཅས་ཀྱི་ཁྲོད་དུ་མངོན་པར་མཐོ་བའི་མཚན་སྙན་བླངས་ཏེ། ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་དུ་གྱུར་པར་ང་ཚོ་སྤྲོ་བས་བརྟས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་ཀྱིས་གུང་ཁྲན་ཏང་གི་སྲིད་འཛིན་ཆོས་ཉིད་དང་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་ཆོས་ཉིད། མིའི་རིགས་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཆོས་ཉིད་བཅས་ཐད་ཀྱི་གོ་རྟོགས་ཇེ་མཐོར་བཏང་ནས། ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་ཏུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མྱུར་དུ་སྤེལ་བར་སྔར་ལས་ནུས་པ་ལྡན་པའི་ཚན་རིག་གཞུང་ལུགས་ཀྱི་མཛུབ་སྟོན་འདོན་སྤྲོད་བྱས། ང་ཚོས་ཆབ་སྲིད་ཀྱི་འདུ་ཤེས་དང་ཁྱོན་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་འདུ་ཤེས། དཔེ་ལྟའི་འདུ་ཤེས་བཅས་བརྟན་པོར་བཅངས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་སློབ་སྦྱོང་ཟབ་མོ་བྱས་ཏེ། རང་རྟོགས་ཀྱིས་བསམ་བློ་དང་ཆབ་སྲིད། སྦྱོར་བ་བཅས་ཀྱི་ཐད་ནས་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱེད་པ་དང་། ཏང་ཀྲུང་དབྱང་གི་དབང་ཟིལ་དང་གཅིག་བསྡུས་གཅིག་གྱུར་གྱི་མགོ་ཁྲིད་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་པ། ཏང་གི་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དེ་བྱ་བ་དངོས་ཀྱི་ཁྲོད་དུ་ལག་བསྟར་དངོས་འབེབས་བྱས་ནས། རླབས་ཆེན་ལས་དོན་དང་རླབས་ཆེན་བཟོ་སྐྲུན། རླབས་ཆེན་འཐབ་རྩོད་བཅས་རྒྱུན་ཆད་མེད་པར་སྤེལ་བའི་ཐད་རླབས་ཆེན་གྱི་རྒྱལ་ཁ་གསར་པ་ལེན་དགོས་ཟེར།

ཀྲང་ཏི་ཅང་གིས་གསུངས་རྒྱུར། ལོ་བཞིའི་རིང་ལ། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པ་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དུས་རྟག་ཏུ་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་ཕན་ནུས་ལྡན་པར་གཅིག་གྱུར་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ཡིད་རྟོན་དང་གཞུང་ལུགས་ཡིད་རྟོན། ལམ་ལུགས་ཡིད་རྟོན། རིག་གནས་ཡིད་རྟོན་བཅས་ཇེ་བརྟན་དུ་བཏང་ནས། ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཁྱོན་ཡོངས་ལ་དམ་དུ་དམིགས་ཏེ་ཁྲིམས་ལྟར་འགན་དབང་ལག་བསྟར་བྱས། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་འཐུས་མིས་རྒྱལ་ཁབ་དང་མི་དམངས་ལ་ཧ་ཅང་འགན་ཁུར་བའི་འདུ་ཤེས་བཅངས་ནས། ཁྲིམས་ལྟར་རྒྱལ་ཁབ་ཀྱི་དབང་ཤུགས་བཀོལ་བར་ཞུགས་པ་དང་། ལས་གནས་ལ་བློ་དཀར་བ་དང་ཧུར་བརྩོན་གྱིས་འགན་ཁུར་བ། ཁག་ཁུར་ཡོད་པ་དང་བྱས་རྗེས་ཡོད་པའི་སྒོ་ནས་སྤྱི་ཚོགས་རིང་ལུགས་དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་ལག་ལེན་ཁྲོད་དུ་ལོ་རྒྱུས་གསར་པ་བྲིས་པ་དང་སྣང་བརྙན་གསར་པ་ངོམས་ལ། བྱས་རྗེས་གསར་པ་བཞག སྐབས་འདིའི་རྒྱལ་ཡོངས་དམངས་ཆེན་གྱི་འགན་ཁུར་ཡུན་ལ་ད་དུང་ལོ་གཅིག་ཡོད་པས། ང་ཚོས་དུས་རྟག་ཏུ་མི་དམངས་ཀྱིས་བཅོལ་བའི་རེ་བ་ནན་མོ་སེམས་ལ་བརྟན་པོར་བཅངས་པ་དང་། མི་དམངས་ཀྱི་ཚབ་བྱས་ཏེ་རྒྱལ་ཁབ་ཀྱི་དབང་ཤུགས་བཀོལ་བའི་འགན་འཁྲི་དང་ལས་འགན་དངོས་སུ་ཕྲག་ཏུ་བླངས་ནས། ལངས་ཕྱོགས་གསལ་པོས་ཆབ་སྲིད་ལ་གཙིགས་འཛིན་དང་། ཏན་ཏན་ཏིག་ཏིག་གིས་བྱ་བ་ནན་སྒྲུབ། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་ཞུ་བཅས་བྱས་ཏེ། དམངས་ཆེན་བྱ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་བྱེད་པ་དང་། ཆེས་མཐོའི་རྒྱལ་ཁབ་དབང་ཤུགས་ལས་ཁུངས་ཀྱི་ནུས་པ་སྔར་ལས་བཟང་པོར་འདོན་སྤེལ་བྱས་ནས། མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་ཡུན་རིང་པོར་རྒྱུན་འཁྱོངས་བྱེད་པ་དང་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། རྒྱུན་མ་ཆད་པར་འཕེལ་རྒྱས་གཏོང་བ་བཅས་ཀྱི་ཐད་བྱས་རྗེས་གསར་པ་འཇོག་དགོས་ཟེར།

ཀྲང་ཏི་ཅང་གིས་མཇུག་མཐར་གསུངས་རྒྱུར། རླབས་ཆེན་ལས་དོན་གྱིས་སེམས་ཤུགས་ཆེ་རུ་བསྐྱེད་པ་དང་། རླབས་ཆེན་དམིགས་འབེན་ལ་འོད་སྟོང་གི་མདུན་ལམ་ལྡན། ང་ཚོས་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ། ཐོག་མའི་སེམས་འདུན་མི་བརྗེད་པར་མུ་མཐུད་མདུན་སྐྱོད་བྱེད་པ། བློ་གཅིག་སེམས་གཅིག་དང་བྱ་བ་ནན་སྒྲུབ་བཅས་བྱས་ཏེ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་རྒྱལ་ཁ་གསར་པ་ལེན་པ་དང་། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་བཅས་ཀྱི་ཆེད་དུ་འབད་འཐབ་ལྷོད་མེད་བྱེད་དགོས་ཟེར།

དུས་ཚོད་དགུ་དང་སྐར་མ་ང་གཅིག་གི་སྟེང་། ཀྲང་ཏི་ཅང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པ་གྲོལ་བ་ཁྱབ་བསྒྲགས་མཛད་པ་དང་། ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་ནས་གྲོལ། 

ཀྲུའུ་ཞིའི་སྟེགས་བུའི་སྟེང་བཞུགས་པའི་མགོ་ཁྲིད་ལ་ད་དུང་། མཱ་ཁའེ་དང་ཝང་ཧུའུ་ཉིན། ལིག་ཡུན་ཏུང་། ལིག་ཆི་པའོ། ཞུའུ་ཆི་ལེང་། སུན་ཁྲོན་ལན། སུན་ཀྲིན་ཚེ། ལིས་ཡོན་ཁྲའོ། ཝང་དབྱང་། ཀྲང་ཁྲོན་ཞན། ཧྥན་ཁྲང་ལུང་། མིན་ཅན་ཀྲུའུ། ཀྲའོ་ལི་ཅི། ཧུའུ་ཁྲོན་ཧྭ། ལིས་ཀྲན་ཧྲུའུ། གོ་ཅིན་ལུང་། ཧན་ཀྲིན། ཏུའུ་ཆིན་ལིན། ཀྲའོ་ཧུང་ཀྲུའུ། དབྱང་ཅིན། ཁྲང་ཝན་ཆོན། དབྱང་ཅེ་ཁྲི། གོ་ཧྲིན་ཁུན། ཝང་ཡུང་། ཀྲིག་ཆང་། ཚའོ་ཅན་མེན། ཧན་ཆི་ཏི། ཝན་ཀང་། ལིན་ཝུན་དབྱི། ལོ་ཧྥུའུ་ཧི། ཀྲང་ཆིན་ལིས། ལིས་ཧེ་ཧྥིན། ཁྲིན་ཡོན། ལུའུ་ཀྲང་གུང་། ཀྲིག་ཞའོ་ཁྲོན། ཝང་ཅ་རོས། ཝང་ཀྲིན་ཝེ། མཱ་པེའོ། ཆི་ཞུའུ་ཁྲོན། ཁྲིན་ཞའོ་ཀོང་། མཱ་ཕེ་ཧྭ། ལིག་ཞའོ་ཧྥིན། ཝང་ཆིན་མེན། ལེང་ཀྲིན་དབྱིན། ད་དུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཧྥང་ཏིན་ཧོས་དང་ཀྲང་དབྱང་། ཀྲའོ་ཁི་ཧྲི། ཀྲང་ཡུག་ཞ། ཝུའུ་ཧྲིན་ལིས། མཱ་ཞའོ་ཐེན། ཝེ་ཧྥིན་ཧི་སོགས་ཡོད།

ཀྲུང་དབྱང་ཏང་སྲིད་དམག་དམངས་ལས་ཁུངས་ཀྱི་འགན་ཁུར་པ་དང་། དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་པ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཚོགས་ཆེན་ལ་ཟུར་ཞུགས་བྱས་པ་དང་ཡང་ན་ཟུར་ཉན་བྱས། 

ཀྲུང་གོར་སྡོད་པའི་རྒྱལ་ཁབ་སོ་སོའི་གཞུང་ཚབ་པས་ཚོགས་ཆེན་ལ་ཟུར་ཉན་བྱས།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།