ཀྲུང་གོ་བོད་ཀྱི་དྲ་བ།

ལོ་སར་སྐབས་སུ་རྒྱལ་ཡོངས་ཀྱིས་གནས་སྐོར་པ་མི་ཐེངས་དུང་ཕྱུར་གསུམ་དང་བྱེ་བ་བཞི་ས་ཡ་བཞི་ལ་སྣེ་ལེན་བྱས་པ་དང་ཡོང་སྒོ་སྒོར་ཁྲག་ཁྲིག་བཞི་དང་ཐེར་ཆེན་གཉིས་ཐེར་འབུམ་གསུམ་དུང་ཕྱུར་གསུམ་ལ་སླེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-02-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་གནས་སྐོར་ཅུའུ་ཡིས་ཚེས་གཉིས་ཉིན་གྱི་དགོང་མོར་ཉིས་སྟོང་བཅུ་བདུན་ལོའི་ལོ་སར་གུང་གསེང་སྐབས་ཀྱི་གནས་སྐོར་ཁྲོམ་རའི་སྤྱི་སྡོམ་གནས་ཚུལ་བསྒྲགས། བསྒྲགས་པའི་གནས་ཚུལ་ལྟར་ན། ད་ལོའི་ལོ་སར་གྱི་སྐབས་སུ། རྒྱལ་ཡོངས་སུ་བསྡོམས་པས་གནས་སྐོར་པ་མི་ཐེངས་དུང་ཕྱུར་གསུམ་དང་བྱེ་བ་བཞི་ས་ཡ་བཞི་ལ་སྣེ་ལེན་བྱས་ཏེ། གནས་སྐོར་ཡོང་སྒོ་སྒོར་ཁྲག་ཁྲིག་བཞི་དང་ཐེར་ཆེན་གཉིས་ཐེར་འབུམ་གསུམ་དུང་ཕྱུར་བླངས། སྤྱི་དམངས་མངའ་ཁོངས་ཕྱི་རུ་གནས་སྐོར་སོང་ཚད་མི་ས་ཡ་དྲུག་དང་འབུམ་གཅིག་ཁྲི་ལྔ་ལ་སླེབས་པ་དང་དུས་མཉམ་ལས་བརྒྱ་ཆའི་བདུན་ཙམ་འཕར་ཟེར།

རྒྱལ་ཁབ་གནས་སྐོར་ཅུའུ་གཞི་གྲངས་ལྟེ་གནས་ཀྱིས་ཕྱོགས་བསྡུས་ཚོད་རྩིས་བྱས་པ་ལྟར་ན། ཉིས་སྟོང་བཅུ་བདུན་ལོའི་ལོ་སར་སྐབས་སུ་རྒྱལ་ཡོངས་སུ་བསྡོམས་པས་གནས་སྐོར་པ་མི་ཐེངས་དུང་ཕྱུར་གསུམ་དང་བྱེ་བ་བཞི་དང་ས་ཡ་བཞི་ལ་སྣེ་ལེན་བྱས་པ་དང་དུས་མཉམ་ལས་བརྒྱ་ཆའི་བཅུ་གསུམ་ལྷག་འཕར་བ་དང་། གནས་སྐོར་ཡོང་སྒོ་སྒོར་ཁྲག་ཁྲིག་བཞི་དང་ཐེར་ཆེན་གཉིས་ཐེར་འབུམ་གསུམ་དུང་ཕྱུར་གསུམ་བླངས་པ་དེ་དུས་མཉམ་ལས་བརྒྱ་ཆའི་བཅོ་ལྔ་ལྷག་འཕར་ཟེར།

ཉིས་སྟོང་ཉེར་གཉིས་ལོའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཀྲུང་གོ་ནས་བསྡུ་རྒྱུ་ཡིན་པས། ཁངས་དར་གྱི་གནས་སྐོར་ལ་ཚང་མར་སྤྲོ་སྣང་ཆེན་པོ་ཡོད་པ་དང་། བྱང་ཕྱོགས་ཀྱི་ས་ཁུལ་མང་ཆེ་བར་གནས་སྐོར་པ་སྔོན་ཆད་ལས་ཇེ་མང་དུ་སོང་། ལེའོ་ཉིན་ཞིང་ཆེན་གྱི་བསྡོམས་པས་གནས་སྐོར་པ་མི་ཐེངས་བྱེ་བ་གཅིག་དང་ས་ཡ་ལྔ་འབུམ་བརྒྱད་ཁྲི་བཞི་ལ་སྣེ་ལེན་བྱས་པ་དང་དུས་མཉམ་ལས་བརྒྱ་ཆའི་བཅུ་ལྷག་འཕར་ལ། གནས་སྐོར་ཡོང་སྒོ་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་གཅིག་དུང་ཕྱུར་གཉིས་བྱེ་བ་གཉིས་བླངས་པ་དང་དུས་མཉམ་ལས་བརྒྱ་ཆའི་བཅུ་གཅིག་ལྷག་འཕར། ཞིན་ཅང་རང་སྐྱོང་ལྗོངས་ཀྱིས་བསྡོམས་པས་གནས་སྐོར་པ་མི་ཐེངས་ས་ཡ་གཅིག་དང་འབུམ་ལྔ་ཁྲི་གཅིག་སྟོང་བཞི་ལ་སྣེ་ལེན་བྱས་པ་དང་དུས་མཉམ་ལས་བརྒྱ་ཆའི་སུམ་ཅུ་འཕར་ལ། གནས་སྐོར་ཡོང་སྒོ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་དྲུག་བྱེ་བ་གཅིག་བླངས་པ་དང་དུས་མཉམ་ལས་བརྒྱ་ཆའི་ཉེར་གཅིག་ལྷག་འཕར།

དེ་དང་མཉམ་དུ། ལྷོ་ཕྱོགས་ཀྱི་ས་ཆ་མང་ཆེ་བའི་ནམ་ཟླ་བཟང་བས། གནས་སྐོར་པ་རྣམས་ཧེ་ནན་ཞིང་ཆེན་ནས་ལྷོ་ནུབ་ཀྱི་ཞིང་ལྗོངས་སོ་སོའི་ཕྱོགས་སུ་བསྐྱེད། ཀོང་ཞི་རང་སྐྱོང་ལྗོངས་ཀྱིས་བསྡོམས་པས་གནས་སྐོར་པ་མི་ཐེངས་བྱེ་བ་གཅིག་དང་ས་ཡ་བཞི་འབུམ་དགུ་ཁྲི་དགུ་ལ་སྣེ་ལེན་བྱས་པ་དང་དུས་མཉམ་ལས་བརྒྱ་ཆའི་ཉེར་དགུ་ལྷག་འཕར་ལ། གནས་སྐོར་ཡོང་སྒོ་སྒོར་ཐེར་འབུམ་བདུན་དང་དུང་ཕྱུར་བདུན་བྱེ་བ་དགུ་བླངས་པ་དང་དུས་མཉམ་ལས་བརྒྱ་ཆའི་ཞེ་ལྔ་ལྷག་འཕར། ཀོས་ཀྲིག་ཞིང་ཆེན་གྱིས་བསྡོམས་པས་གནས་སྐོར་པ་མི་ཐེངས་བྱེ་བ་གཅིག་དང་ས་ཡ་དགུ་འབུམ་བརྒྱད་ཁྲི་བཞི་ལྷག་ལ་སྣེ་ལེན་བྱས་པ་དང་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་ཉེར་བརྒྱད་ལྷག་འཕར་ལ། གནས་སྐོར་ཡོང་སྒོ་སྒོར་ཐེར་འབུམ་བརྒྱད་དང་དུང་ཕྱུར་ལྔ་བྱེ་བ་དྲུག་ས་ཡ་གསུམ་བླངས་པ་དང་དུས་མཉམ་ལས་བརྒྱ་ཆའི་སོ་གཉིས་ལྷག་འཕར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།