ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་གནས་སྐོར་ཅུའུ་ཡིས་མཱ་ལེ་ཞི་ཡ་ནས་ཀྲུང་གོའི་གནས་སྐོར་པ་བསྡད་ཡོད་པའི་གྲུ་གཟིངས་མཚོ་ནང་དུ་ནུབ་པའི་དོན་རྐྱེན་ཐག་གཅོད་གང་ལེགས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-02-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས་གཅིག་ཉིན་རྒྱལ་ཁབ་གནས་སྐོར་ཅུའུ་ནས་ཤེས་པའི་གནས་ཚུལ་ལྟར་ན། ཀྲུང་གོའི་གནས་སྐོར་པ་ཉེར་བརྒྱད་དྲུད་ཡོད་པའི་གྲུ་གཟིངས་མཱ་ལེ་ཞི་ཡ་ནས་མཚོ་ནང་དུ་ནུབ་པའི་དོན་རྐྱེན་བྱུང་རྗེས། རྒྱལ་ཁབ་གནས་སྐོར་ཅུའུ་ཡིས་མྱུར་དུ་གནས་སྐོར་འཕྲལ་བསྟུན་བཀོད་འདོམས་སྟེགས་བུ་དང་རྒྱལ་ཡོངས་གནས་སྐོར་པའི་ཚོགས་པའི་ཞབས་ཞུ་དོ་དམ་མ་ལག་བཀོལ་སྤྱོད་བྱས་ཏེ། འབྲེལ་ཡོད་ས་ཁུལ་གྱི་གནས་སྐོར་སྡེ་ཁག་དང་གནས་སྐོར་ཁེ་ལས་བརྒྱུད་ནས་གནས་སྐོར་པའི་འབྲེལ་ཡོད་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་ཟེར།

ཐོག་མར་ར་སྤྲོད་བྱས་པ་ལྟར་ན། དོན་རྐྱེན་དེ་དང་འབྲེལ་བའི་གནས་སྐོར་པ་ཚང་མ་ཐར་ཐོར་དུ་སོང་བའི་གནས་སྐོར་པ་ཡིན་ལ། གནས་སྐོར་པ་ཉེར་བརྒྱད་ཀྱི་ནང་དུ། གནས་སྐོར་པ་ཉེར་གསུམ་གྱིས་ཧྲ་པ་ཧོད་ཐན་གླིང་ཕྲན་ལ་ཉིན་གཅིག་རིང་ལྟ་སྐོར་བྱེད་པའི་སྤ་སེ་ཉོས་པ་དང་། གནས་སྐོར་པ་གཞན་པ་ལྔ་ནི་ཧྲ་པ་ས་ཆའི་གྲུ་པས་ཁྲིད་ཡོང་བའི་ཀྲུང་གོའི་གནས་སྐོར་པ་རེད་ཟེར།

མིག་སྔར། ཀྲུང་གོའི་གནས་སྐོར་པ་ཉེར་བརྒྱད་ཀྱི་ནང་དུ་གནས་སྐོར་པ་ཉི་ཤུ་བདེ་བླག་ངང་བསྐྱབས་ལ། དེའི་ནང་དུ་རྨས་ཅུང་ཡང་བའི་མི་བཅུ་གཉིས་དང་། རྨས་འབྲིང་ཙམ་ཕོག་པའི་མི་བརྒྱད་ཡོད། མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་། གནས་སྐོར་པ་ལྔ་དང་གྲུ་པ་གཅིག་གར་སོང་ཤེས་མེད། རྨས་ཕོག་པའི་གནས་སྐོར་པ་རྣམས་ལ་བཀོད་སྒྲིག་གང་ལེགས་བྱས་ཏེ་དུས་ལྟར་སྨན་བཅོས་བྱེད་བཞིན་ཡོད།

གོ་རིམ་རྗེས་མར་རྒྱལ་ཁབ་གནས་སྐོར་ཅུའུ་ཡིས་ཕྱི་འབྲེལ་སྡེ་ཁག་ལ་གཞོགས་འདེགས་བྱས་ཏེ་མཱ་ལེ་ཞི་ཡ་ཕྱོགས་ཀྱིས་གར་སོང་མི་ཤེས་པའི་གནས་སྐོར་པ་འཚོལ་བར་ཤུགས་སྣོན་རྒྱུ་མ་ཟད། དུས་ལྟར་རང་རྒྱལ་ལ་འབྲེལ་ཡོད་གནས་ཚུལ་བཤད་རྒྱུའི་འབོད་སྐུལ་གཏོང་རྒྱུ་ཡིན་པ་དང་། བདེ་བླག་ངང་བསྐྱབས་པའི་གནས་སྐོར་པར་སྨན་བཅོས་དང་སེམས་གསོ་བྱེད་པའི་བྱ་བ་བཟང་པོར་སྒྲུབ་པར་གཞོགས་འདེགས་བྱེད་རྒྱུ་ཡིན་ལ། གནས་སྐོར་པའི་ཁྱིམ་མི་ལ་འབྲེལ་གཏུག་དང་སྣེ་ལེན། སེམས་གསོ་བཅས་བྱེད་པའི་བྱ་བར་རམ་འདེགས་བྱེད་རྒྱུ་ཡིན་པ་དང་། འབྲེལ་ཡོད་ས་གནས་དང་ཁེ་ལས་ལ་གཞོགས་འདེགས་བྱས་ཏེ་རྗེས་མཐུད་ཀྱི་བྱ་བ་དག་བཟང་པོར་བསྒྲུབ་པར་ལྟ་སྐུལ་བྱེད་རྒྱུ་ཡིན་པ་མ་ཟད། མཱ་ལེ་ཞི་ཡ་ཕྱོགས་ཀྱིས་དོན་རྐྱེན་དེའི་འབྱུང་རྐྱེན་ལ་མྱུར་དུ་རྩོད་གཅོད་བྱེད་པ་དང་དོན་རྐྱེན་གྱི་འགན་འཁྲི་གསལ་བོར་བྱེད་དགོས་པའི་འབོད་སྐུལ་གཏོང་རྒྱུ་རེད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།