ཀྲུང་གོ་བོད་ཀྱི་དྲ་བ།

རྒྱ་ལོའི་ཚེས་བཞི་ཉིན་རྒྱལ་ཡོངས་ཀྱི་གནས་སྐོར་སྣེ་ལེན་མི་གྲངས་མི་ཐེངས་བྱེ་བ་གསུམ་དང་ས་ཡ་བདུན་འབུམ་བདུན་ལ་སླེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-02-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལོ་སར་གྱི་གུང་གསེང་ཉིན་མོ་ལྔ་བ་སྟེ་རྒྱ་ལོའི་ཚེས་བཞི་ཉིན། རྒྱལ་ཡོངས་ཀྱི་ས་ཁུལ་མང་ཆེ་བའི་ནམ་ཟླ་བཟང་བ་དང་། ས་ཁུལ་སོ་སོའི་གུང་གསེང་སྐབས་ཀྱི་གནས་སྐོར་ཁྲོམ་ར་མུ་མཐུད་དུ་བརྟན་བརླིང་སྒོས་འཕར་སྣོན་བྱུང་། རྒྱལ་ཁབ་གནས་སྐོར་ཅུའུ་གཞི་གྲངས་ལྟེ་གནས་ཀྱིས་ཕྱོགས་བསྡུས་ཚོད་རྩིས་བྱས་པ་ལྟར་ན། ཟླ་དང་པོའི་ཚེས་སོ་གཅིག་ཉིན་རྒྱལ་ཡོངས་ཀྱི་གནས་སྐོར་སྣེ་ལེན་མི་གྲངས་མི་ཐེངས་བྱེ་བ་གསུམ་དང་ས་ཡ་བདུན་འབུམ་བདུན་ལ་སླེབས་པ་དང་། དུས་མཉམ་ལས་བརྒྱ་ཆའི་བཅུ་བཞི་འཕར་ལ། གནས་སྐོར་ཡོང་སྒོ་སྒོར་ཐེར་ཆེན་ལྔ་དང་ཐེར་འབུམ་གཅིག་ལ་སླེབས་པ་དང་། དུས་མཉམ་ལས་བརྒྱ་ཆའི་བཅུ་དྲུག་ལྷག་འཕར།

ཉེ་སྔོན། ཡུལ་ལྗོངས་མང་པོའི་གནས་སྐོར་པའི་གྲངས་ཀ་ཚད་ཆེས་མཐོན་པོར་སླེབས་པ་དང་། ཡུལ་ལྗོངས་ཁ་ཤས་ཀྱིས་གནས་སྐོར་པར་ཚོད་འཛིན་བྱས་ལ། གྲོང་ཁྱེར་དང་ས་ཁུལ་གཙོ་བོ་ཁ་ཤས་སུ་མགྲོན་ཁང་དུ་འདུག་རྒྱུ་ཡང་ཧ་ཅང་དཀའ། རྒྱལ་ཁབ་གནས་སྐོར་ཅུའུ་ཡིས་གནས་སྐོར་བདེ་འཇགས་བྱ་བར་སྔར་ལས་ཤུགས་སྣོན་དགོས་པའི་སྐོར་གྱི་བརྡ་སྦྱོར་བཏང་རྗེས། ས་ཁུལ་སོ་སོའི་གནས་སྐོར་སྡེ་ཁག་དང་གནས་སྐོར་ཁེ་ལས་ཀྱིས་ཁངས་དར་གནས་སྐོར་དང་། མཚོ་འགྲམ་གནས་སྐོར། འཁོར་གྲུའི་གནས་སྐོར། རྩེད་འཇོའི་སྒྲིག་ཆས་སོགས་གནས་སྐོར་ཐད་ཉེན་ཁ་ཆེ་ས་དང་གནས་སྐོར་པ་མང་པོ་འཛོམས་སའི་བདེ་འཇགས་ཞིབ་བཤེར་དང་མཛུབ་སྟོན་ལ་ཤུགས་བསྣན།

རྒྱ་ལོའི་ཚེས་བཞི་ཉིན། ལོ་སར་ནས་ཕྱིར་འགྲོ་མཁན་ཅུང་མང་། ལྕགས་ལམ་གྱི་ཕྱོགས་ནས། འགྲུལ་བ་མུ་མཐུད་དུ་ཇེ་མང་དུ་སོང་སྟེ། རྒྱལ་ཡོངས་ཀྱི་ལྕགས་ལམ་སྟེང་ཉིན་དེར་ཚོད་རྩིས་བྱས་ན་གནས་སྐོར་པ་མི་ཐེངས་ས་ཡ་བརྒྱད་དང་འབུམ་གསུམ་བསྐྱལ་བ་དང་། རྒྱལ་ཡོངས་ཀྱི་ལྕགས་ལམ་སྟེང་ཕལ་ཆེར་འགྲུལ་སྐྱེལ་མེ་འཁོར་བཞི་བརྒྱ་དང་བདུན་ཁ་སྣོན་བྱས། མཁའ་འགྲུལ་གྱི་ཕྱོགས་ནས། ཁྲིན་ཏུའུ་གྲོང་ཁྱེར་གྱི་ཧྲོང་ལིག་གནམ་གྲུ་ཐང་ནས་ས་གཞན་ལ་བསྐྱལ་བའི་གནས་སྐོར་པ་མི་ཐེངས་ཁྲི་བདུན་ལ་སླེབས་པ་དང་། ཀོང་ཀྲིག་གྲོང་ཁྱེར་གྱི་པའེ་ཡུན་གནམ་གྲུ་ཐང་ནས་ཉིན་ཧྲིལ་པོར་ཕར་ཚུར་ལ་གནམ་གྲུ་ཐེངས་སྟོང་གཅིག་དང་ཉིས་བརྒྱ་རེ་ལྔ་ལ་བཏང་། གཞུང་ལམ་གྱི་ཕྱོགས་ནས་ས་ཁུལ་སོ་སོས་ལོ་སར་ལ་ཡོང་བའི་འགྲུལ་བ་ཕྱིར་སྐྱེལ་མགོ་བརྩམས།   །


རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།