ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་འགན་བཅོལ་འགན་སྲུང་ཐེབས་རྩའི་ལྷག་དངུལ་སྒོར་ཐེར་ཆེན་དགུ་ལས་བརྒལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-02-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཀྲུང་གོའི་འགན་བཅོལ་འགན་སྲུང་ཐེབས་རྩ་ཚད་ཡོད་འགན་ལེན་ཀུང་ཟི་ནས་རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། ཉིས་སྟོང་བཅུ་དྲུག་ལོའི་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན་བར་དུ། འགན་བཅོལ་འགན་སྲུང་ཐེབས་རྩའི་ལྷག་དངུལ་སྒོར་ཐེར་ཆེན་དགུ་དང་ཐེར་འབུམ་བཞི་དུང་ཕྱུར་གཉིས་བྱེ་བ་གཉིས་ས་ཡ་དྲུག་ལ་སླེབས་པ་དང་། དུས་མཉམ་ལས་བརྒྱ་ཆའི་སོ་གསུམ་ལྷག་འཕར། དེའི་ནང་དུ་རྒྱུ་ནོར་འགན་བཅོལ་ཐེབས་རྩའི་ལྷག་དངུལ་སྒོར་ཐེར་ཆེན་དྲུག་དང་དུང་ཕྱུར་དགུ་བྱེ་བ་ལྔ་ས་ཡ་དྲུག་ལ་སླེབས་པ་དང་བརྒྱ་ཆའི་རེ་བཞི་ལྷག་ཟིན་ཡོད། མི་ལུས་འགན་བཅོལ་ཐེབས་རྩའི་ལྷག་དངུལ་སྒོར་ཐེར་ཆེན་གསུམ་དང་ཐེར་འབུམ་གསུམ་དུང་ཕྱུར་གཉིས་བྱེ་བ་བདུན་ལ་སླེབས་པ་དང་བརྒྱ་ཆའི་སོ་ལྔ་ལྷག་ཟིན་ཡོད།

མཚམས་སྦྱོར་བྱས་པ་ལྟར་ན། རྒྱུ་ནོར་དོ་དམ་ལས་སྒོ་མངགས་བཅོལ་བྱེད་པ་ནི་འགན་བཅོལ་འགན་སྲུང་ཐེབས་རྩའི་ལས་སྒོ་གལ་ཆེན་ཞིག་ཡིན་ལ། འགན་སྲུང་ཐེབས་རྩའི་རྒྱུ་ནོར་གྱི་དོ་དམ་ཁྲོམ་ར་ཅན་དང་ཆེད་ལས་ཅན་དུ་འཁོར་སྐྱོད་བྱེད་པར་སྐུལ་འདེད་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་རེད། ཉིས་སྟོང་བཅུ་དྲུག་ལོར། ཀྲུང་གོའི་འགན་བཅོལ་འགན་སྲུང་ཐེབས་རྩ་ཚད་ཡོད་འགན་ལེན་ཀུང་ཟིའི་རྒྱུ་ནོར་དོ་དམ་མངགས་བཅོལ་གྱི་གཞི་ཁྱོན་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་བཞི་དུང་ཕྱུར་དགུ་བྱེ་བ་བདུན་ས་ཡ་དགུ་ལ་སླེབས་ནས། ལོ་གཅིག་གི་ཁེ་ཕན་གྱི་ཚད་བརྒྱ་ཆའི་བཞི་ལྷག་ལ་སླེབས་པ་དེ་ལས་རིགས་ཀྱི་གཏན་འཇགས་ཁེ་ཕན་རིགས་ཀྱི་དངུལ་གཏོང་གི་ཆ་སྙོམས་ཆུ་ཚད་ལས་མཐོ་ཟེར།

ཀྲུང་གོའི་འགན་བཅོལ་འགན་སྲུང་ཐེབས་རྩ་ཚད་ཡོད་འགན་ལེན་ཀུང་ཟིའི་ཏུང་ཧྲི་ཀྲང་གི་ཞོར་དུ་སྤྱི་གཉེར་པའི་འགན་ཁུར་མཁན་རིན་ཅན་གོ་ཡིས་བཤད་རྒྱུར། འགན་བཅོལ་ཁྲོམ་རའི་ཉེན་ཁར་འགྱུར་ལྡོག་གསར་བ་བྱུང་བ་དེས་ཀུང་ཟིའི་ཉེན་ཁ་ལྟ་ཞིབ་དང་ཉེན་ཁ་ཐག་གཅོད་ནུས་པར་རེ་བ་གསར་བ་བཏོན་ཡོད་ལ། སྐྱེད་ཀ་དམའ་བའི་ཁྲོམ་རའི་ཁོར་ཡུག་གིས་ཐེབས་རྩའི་རྒྱུ་ནོར་གྱི་རིན་སྲུང་དང་རིན་འཕར་ཐད་གནོན་ཤུགས་སྔར་ལས་ཆེན་པོ་བྱིན་པས། ཉིས་སྟོང་བཅུ་བདུན་ལོར་ཀུང་ཟིས་ཐེབས་རྩའི་དངུལ་བསྡུའི་གླ་རིན་ལ་བཅོས་སྒྱུར་བྱེད་པ་དང་། ཉེན་ཁ་ཐག་གཅོད་ཀྱི་བྱ་བ་སྔུན་ལ་སྒྲུབ་པ་སོགས་ནང་དོན་གཙོར་བྱས་ཏེ། འགན་བཅོལ་འགན་སྲུང་ཐེབས་རྩའི་དོ་དམ་བྱེད་ཐབས་བཟོ་བཅོས་བྱས་ནས། ཐེབས་རྩའི་རྒྱུ་ནོར་དེ་སྐྱེད་ཀ་དམའ་བའི་ཁོར་ཡུག་འོག་རིན་སྲུང་དང་རིན་འཕར་ཡོང་བར་བྱ་རྒྱུ་ཡིན་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།