ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གིས«གནས་བབ་གསར་བའི་འོག་ཏུ་སྲིད་ཁྲིམས་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར»དཔར་ནས་བཀྲམ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-01-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གིས«གནས་བབ་གསར་བའི་འོག་ཏུ་སྲིད་ཁྲིམས་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར»དཔར་ནས་བཀྲམ་པར་མ་ཟད་བརྡ་ཐོ་བཏང་སྟེ། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་བསམ་འཆར་དེ་ལག་བསྟར་བྱེད་པའི་རྩ་འཛུགས་དང་མགོ་ཁྲིད་ལ་ཤུགས་སྣོན་དགོས་པ་དང་། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ནུས་ལྡན་བྱེད་ཐབས་སྤྱད་དེ་བསམ་འཆར་ལས་བཏོན་པའི་ལས་འགན་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་པའི་རེ་བ་བཏོན།

«བསམ་འཆར»ལ་ཁག་བདུན་དང་དོན་ཚན་ཉེར་དྲུག་ཡོད་པར་མ་ཟད། གནས་བབ་གསར་བའི་འོག་གི་སྲིད་ཁྲིམས་དཔུང་སྡེ་འཛུགས་སྐྲུན་གྱི་མཛུབ་སྟོན་བསམ་བློ་དང་དམིགས་འབེན། ལས་འགན་བཅས་གཏན་འཁེལ་གསལ་བོ་བྱས་ཡོད་ལ། སྲིད་ཁྲིམས་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་གཏན་ལ་ཕབ་ཡོད།

«བསམ་འཆར»ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་བ་དང་བསམ་བློ་གསར་བ། འཐབ་ཇུས་གསར་བ་བཅས་ལ་སློབ་སྦྱོང་དང་དེ་ལག་ལེན་མཐར་ཕྱིན་བྱས་ནས། སྤྱི་ཚོགས་ཀྱི་ཁྱོན་ཡོངས་ཀྱི་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། སྤྱི་ཚོགས་དྲང་བདེན་དྲང་བཞག་ཡོང་བར་སྐུལ་འདེད་གཏོང་བ། མི་དམངས་བདེ་སྡོད་ལས་བརྩོན་བྱེད་པ་བཅས་སྤྱིའི་ལས་འགན་ལ་དམ་པོར་དམིགས་ཏེ། ཆབ་སྲིད་བྱང་ཆུབ་པ་དང་བྱེད་སྒོ་བྱང་ཆུབ་པ་། འགན་འཁྲི་བྱང་ཆུབ་པ། སྒྲིག་ཁྲིམས་བྱང་ཆུབ་པ། ཀུན་སྤྱོད་བྱང་ཆུབ་པ་བཅས་སྤྱིའི་རེ་བ་དམ་པོར་བཟུང་སྟེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་ཁྲིམས་དཔུང་སྡེ་དངོས་གཞི་ཅན་དང་ཆེད་ལས་ཅན། ལས་རིགས་ཅན་བཅས་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ནས། བསམ་བློའི་ཆབ་སྲིད་དང་བྱེད་སྒོའི་ནུས་པ། སྒྲིག་ཁྲིམས་ཀུན་སྤྱོད་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ། ཡིད་ཆེས་བརྟན་པོ་བཅངས་པ་དང་དམངས་ཀྱི་དོན་དུ་ཁྲིམས་འཛིན་པ། ཁག་ཁུར་བྱེད་ཕོད་པ། སྲིད་གཙང་སྤྱོད་གཙང་བཅས་ཀྱི་སྲིད་ཁྲིམས་དཔུང་སྡེ་ཞིག་ཧུར་ཐག་སྒོས་འཛུགས་སྐྲུན་བྱེད་དགོས་ཟེར།

«བསམ་འཆར»ལས་ད་དུང་བསམ་བློ་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་དང་འགན་འཁྲི་ལག་བསྟར་ནུས་པའི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། སྒྲིག་ཁྲིམས་ཀུན་སྤྱོད་འཛུགས་སྐྲུན་ལ་ཤུགས་སྣོན་པ། སྲིད་ཁྲིམས་མགོ་ཁྲིད་ཚན་ཁག་དང་མགོ་ཁྲིད་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པ། ལས་རིགས་འགན་སྲུང་མ་ལག་ཆ་ཚང་དུ་གཏོང་བ་བཅས་ཐད་ལ་རེ་བ་བཏོན། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།