གོ་ཧྲིན་ཁུན་གྱིས་པེ་ཅིན་གྲོང་ཁྱེར་གྱི་ལོ་སར་གྱི་བདེ་སྲུང་བྱ་བར་ཞིབ་བཤེར་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་ཨུ་ཡོན། སྤྱི་བདེ་པུའུ་ཡི་པུའུ་ཀྲང་གོ་ཧྲིན་ཁུན་གྱིས་ཚེས་ཉེར་བདུན་ཉིན་གྱི་དགོང་མོར་ཡུལ་དངོས་ནས་པེ་ཅིན་གྲོང་ཁྱེར་གྱི་ལོ་སར་གྱི་བདེ་སྲུང་བྱ་བར་ཞིབ་བཤེར་བྱས་པ་མ་ཟད་འཐབ་ཕྱོགས་དང་པོའི་ལས་རེས་མི་སྣར་འཚམས་འདྲི་བྱས། ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། དུས་ནམ་ཡིན་ཡང་མི་དམངས་སེམས་ཀྱི་གཏིང་དུ་ཉར་ནས། ལོ་སར་གྱི་བདེ་སྲུང་བྱ་བ་སྣ་ཚོགས་གཟབ་ནན་དང་ཞིབ་ཚིགས་ཀྱིས་སྒྲུབ་པ་དང་། རང་ནུས་ཅི་ལྕོགས་ཀྱིས་མང་ཚོགས་ལ་བློ་དཀར་བ་དང་སེམས་ཤུགས་གཅིག་སྒྲིལ་གྱིས་ཁྱིམ་ཚང་ཁྲི་སྟོང་མང་པོའི་བདེ་འཇགས་ལ་སྲུང་སྐྱོབ་བྱས་ཏེ། རྒྱ་ཆེའི་མི་དམངས་མང་ཚོགས་ལ་བཀྲ་ཤིས་སྤྲོ་སྐྱིད་ཀྱི་ལོ་ཞིག་སར་ཏུ་འཇུག་དགོས་ཞེས་ནན་གྱིས་བཤད།

གོ་ཧྲིན་ཁུན་སྔ་གཞུག་ཏུ་སྲང་ལམ་གྱི་ལས་རེས་ལས་གནས་དང་སྐོར་གཡེང་ཉེན་དོན་ས་ཚིགས། མེ་འགོག་མེ་གསོད་རུ་འབྲིང་། པེ་ཅིན་གྲོང་ཁྱེར་སྤྱི་བདེ་ཅུའུ་ཡི་བཀོད་འདོམས་ལྟེ་གནས་བཅས་སུ་སོང་ནས། ལོ་སར་གྱི་བདེ་སྲུང་བྱ་བར་ཞིབ་བཤེར་ཞིབ་མོ་བྱས་པ་དང་། ལས་རེས་མི་སྣར་བརྩེ་བའི་འཚམས་འདྲི་དང་ལོ་སར་གྱི་སྨོན་འདུན་ཞུས་པ་མ་ཟད། ཚང་མས་བསྟུད་མར་འཐབ་འཛིང་བྱེད་པའི་གོམས་སྲོལ་བཟང་པོ་མུ་མཐུད་དུ་དར་སྤེལ་བྱས་ཏེ། ཚད་དང་ལྡན་པའི་ཁྲིམས་འཛིན་དང་སྤྲོ་སེམས་འཁོལ་བའི་ཞབས་ཞུ་ཡིས་ལོ་སར་གྱི་བདེ་སྲུང་བྱ་བའི་ལས་འགན་སྣ་ཚོགས་སྟོབས་ཤུགས་ཡོད་རྒུས་ཡོངས་འགྲུབ་བྱེད་དགོས་པའི་རེ་བ་བཏོན། ཁོས་ཆབ་སྲིད་ཀྱི་འདུ་ཤེས་དང་ཁྱོན་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། དཔེ་ལྟའི་འདུ་ཤེས་བཅས་བརྟན་པོར་བཅངས་ཏེ། མི་དམངས་ཉེན་རྟོག་པས་མི་དམངས་བསམ་པའི་བརྩེ་བ་ཟབ་མོས་འགན་འཁྲི་དང་ཁག་ཁུར་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། སྤྱི་ཚོགས་བདེ་འཇགས་ལ་ཁྱོན་ཡོངས་ནས་ཤུགས་སྣོན་པ། ཁྲིམས་འགལ་ནག་ཉེས་བྱ་སྤྱོད་ལ་ཆམ་ཕབ་ནན་མོ་གཏོང་བ། འཇིགས་སྐུལ་སྔོན་འགོག་ངོ་རྒོལ་དང་། བྱ་འགུལ་ཆེ་གྲས་ཀྱི་བདེ་སྲུང་། བགྲོད་ལམ་བདེ་འཇགས་དང་མེ་འགོག་མེ་གསོད་བདེ་འཇགས་སོགས་ཀྱི་བྱ་བ་དམ་དུ་འཛིན་པ་བཅས་བྱས་ཏེ། རྒྱ་ཆེའི་མང་ཚོགས་ཀྱིས་བདེ་འཇགས་དང་དགའ་སྤྲོའི་ངང་ལོ་སར་བར་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།