ཀྲུང་གོ་བོད་ཀྱི་དྲ་བ།

ཞིས་ཅིན་ཕིང་གི་གཏམ་བཤད་དེ་ཀྲུང་གོས་འཛམ་གླིང་ལ་འགན་འཁུར་བར་འཛམ་གླིང་མི་དམངས་ཀྱིས་རེ་ལྟོས་བྱས་ཡོད།

ཡོང་ཁུངས། : ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ། : རྣམ་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2017-01-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

       ལོ་ཟླ་གསར་དུ་ཚེས་པ་ཡིས། །སྐྱེ་རྒུའི་རྣམ་པ་གསར་དུ་བརྗེ། །ཞེས་པ་ལྟར། པེ་ཅིང་གི་དུས་ཚོད་ཟླ1པོའི་ཚེས15ཉིན་ནས་ཚེས19ཉིན་གྱི་བར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་ལགས་སུའེ་ཙེར་འཚམས་འདྲི་དུ་ཕེབས་པར་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་པའི་ཁྲོད་མཇུག་བསྡུས་པ་རེད། འདི་ནི་ཀྲུང་གོའི་དབུ་ཁྲིད་གཙོ་བོ2017ལོའི་ཕྱི་རྒྱལ་དུ་འཚམས་འདྲིར་ཕེབས་པའི་ཐོག་མ་ཡིན་ལ། ཀྲུའུ་ཞི་ཞིས་ཅིན་ཕིང་ལགས་ཕྱི་རྒྱལ་དུ་འཚམས་འདྲིར་ཕེབས་པ་ཐེངས25པ་ཡང་ཡིན། 

  སུའེ་ཙེར་གྱི་ཉིན་བཞིའི་ནང་། ཞིས་ཅིན་ཕིང་ལགས་གྲོང་ཁྱེར5ལ་ཕེབས་པ་དང་བྱེད་སྒོ་བཅུ་ལྷག་ཏུ་ཞུགས་པས་ཉིན་རེའི་ལས་རིམ་དུས་རྒྱུན་དང་འདྲ་བར་མང་པོ་འདུག དེའི་ཁྲོད་དུ་ཞིས་ཅིན་ཕིང་ལགས་ཀྱིས་སྔ་གཞུག་ཏུ་ཏཱ་བོ་སིའི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོ་དང་མཉམ་འབྲེལ་རྒྱལ་ཚོགས་རི་ནི་ཝར་སྤྱི་ཁྱབ་པུའུ་རུ་བརྗོད་དོན་གཏམ་བཤད་གནང་བས། ཀྲུང་གོའི་བསམ་འདུན་མཚོན་པའི་སྐད་སྒྲ་འཛམ་གླིང་ཡོངས་སུ་གོ་བར་བྱས། 
  དེང་སྐབས་ཀྱི་འཛམ་གླིང་ནི་འགྱུར་ལྡོག་ཆེ་ཞིང་གཏན་འཁེལ་གྱི་རང་བཞིན་མི་ལྡན་པའི་ཚུལ་དུ་འདུག་ལ། འཛམ་གླིང་གི་མི་དམངས་ཡོངས་ཀྱིས་མ་འོངས་པར་རེ་འདུན་བཅངས་ཡོད་པར་མ་ཟད། དེ་ལ་སོམ་ཉིས་ཀྱང་ཁེངས་ཡོད་པ་རེད། འཛམ་གླིང་གི་དཔལ་འབྱོར་ཇི་ལྟར་གོང་འཕེལ་དུ་གཏོང་དགོས་པ་དང་མ་འོངས་པའི་འཛམ་གླིང་གང་འདྲ་ཞིག་བསྐྲུན་རྒྱུའི་སྐོར་ལ་ཞིས་ཅིན་ཕིང་ལགས་ཀྱིས་ཡིག་འབྲུ6700ལྷག་དང་ཡིག་འབྲུ6500ལྷག་མཆིས་པའི་གཏམ་བཤད་གཉིས་སྔ་གཞུག་ཏུ་གནང་སྟེ་ཀྲུང་གོའི་སེམས་འདུན་མཚོན་པ་དང་། ཀྲུང་གོའི་ཉམས་མྱོང་མཉམ་རོལ་བྱས་ཏེ་ཀྲུང་གོའི་གྲོས་གཞི་ཡང་བཏོན་པ་རེད།
  “འདི་ནི་ང་ཚོའི་དུས་རབས་འདིའི་དབུ་ཁྲིད་རྣམས་ཀྱིས་འོས་འགན་ཡིན་ལ།  རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་རེ་འདུན་ཡང་ཡིན།”ཞེས་ཞིས་ཅིན་ཕིང་ལགས་ཀྱིས་ཏཱ་བོ་སིའི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོའི་སྟེང་སྤེལ་བའི《དུས་རབས་ཀྱི་ལས་འགན་མཉམ་པོར་འཁུར་ནས། འཛམ་གླིང་ཡོངས་ནས་འཕེལ་བར་མཉམ་སྐུལ་བྱེད།》ཅེས་པའི་གཏམ་བཤད་ནང་ཞུས་པ་ལྟར། དེ་རུ་མཆིས་པའི་ཆབ་སྲིད་དང་ཚོང་ལས་ལས་རིགས་ཀྱི་མི་སྣ་ཀུན་གྱིས་དུས་ཐོག་སྐད་བསྒྱུར་བའི་ཉན་ཆས་རྣ་བར་བསྐྱོན་ནས་ཁོང་གིས་ཅི་གསུང་ལ་བློ་རིག་སྒྲིམ་སྟེ་གསན་འདུག
  ཐུན་མོང་འགན་འཁུར་ཐུན་མོང་སྐུལ་འདེད་ཀྱིས། །མཉམ་དུ་རྒྱལ་ཏེ་མཉམ་དུ་རོལ་འགྱུར་ཅིག །
  གནད་དོན་ནི་མིའི་རིགས་ཀྱི་ལོ་རྒྱུས་འཕེལ་རྒྱས་དང་བསྟུན་ནས་རང་བཞིན་གྱིས་གནས་པ་ཞིག་ཡིན་ལ། གནད་དོན་དེ་གནད་དོན་དུ་རྟོགས་ཐུབ་མིན་གྱིས་མི་ཞིག་གི་བློ་གྲོས་མཚོན་ཐུབ་པ་དང་། དེ་བཞིན་དུ་གནད་དོན་ཐག་གིས་གཅོད་ཐུབ་མིན་གྱིས་མི་ཞིག་གི་འཇོན་ནུས་མཚོན་ཐུབ་པ་ཡིན། ལོ་རྒྱུས་ཀྱི་འཕྲུལ་འཁོར་ནམ་ཡང་ཟམ་མི་ཆད་པར་འཁོར་བསྐྱོད་བྱེད་པའི་ཁྲོད་གནད་དོན་བྱུང་བ་དང་གནད་དོན་ཐག་གཅོད་བྱེད་པ་གཉིས་ནི་ཕན་ཚུན་བསྣོལ་ཏེ་ཡང་ཡང་འབྱུང་བ་ཞིག་ཡིན་པ་མ་ཟད། དེས་མིའི་རིགས་ཀྱི་སྤྱི་ཚོགས་མུ་མཐུད་དུ་གོང་འཕེལ་མདུན་སྐྱོད་བྱེད་པར་སྐུལ་འདེད་གཏོང་བཞིན་ཡོད།  
  ལོ་རྒྱུས་ལ་ཕྱིར་ལྟ་བྱས་ན། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་མུ་མཐུད་དུ་འཕེལ་བ་དང་ཚན་རིག་ལག་རྩལ་ཉིན་རེ་ལས་ཉིན་རེར་དར་རྒྱས་སུ་སོང་འདུག འཛམ་གླིང་ཅན་གྱི་འཕེལ་རྒྱས་ཀྱིས་ཉོ་འཚོང་རང་དབང་དང་རྒྱལ་སྤྱིའི་མཉམ་ལས་དང་ལས་བགོས་ཕྲ་ཞིབ་ཏུ་བཏང་བ་མ་ཟད། འཛམ་གླིང་མི་དམངས་ཀྱི་བར་སྔར་ལས་ལྷག་པའི་བསམ་བློ་ལག་རྩལ་བརྗེ་རེས་བྱེད་ཐུབ་ཀྱི་ཡོད། ཞིས་ཅིན་ཕིང་ལགས་ཀྱིས་“འཛམ་གླིང་དཔལ་འབྱོར་གྱི་མཚོ་ཆེན་ཁྱེད་ལ་དགོས་ཀྱང་མི་དགོས་ཀྱང་རུང་དེ་གཞི་ནས་ཡོད་ཅིང་གཡོལ་ཐབས་མེད་པ་ཞིག་ཡིན།”ཞེས་གསུངས།

དེང་སྐབས་ད་དུང་ཡང་འཛམ་གླིང་ལ་གནོད་སྐྱོན་གཏོང་བའི་གནད་དོན་མང་པོ་ཞིག་བྱུང་དང་འབྱུང་བཞིན་ཡོད་དེ། དཔལ་འབྱོར་བརྟན་བརླིང་ངང་འཕེལ་བ་ལ་ནུས་ཤུགས་ལྡན་པའི་འདེགས་སྐྱོར་དཀོན་པ་དང་། གསར་དར་རྒྱལ་ཁབ་ལ་རྒྱལ་སྤྱིའི་གར་སྟེགས་སྟེང་ནུས་པ་གང་ལེགས་འདོན་པའི་གོ་སྐབས་མེད་པ། རྒྱལ་ཁབ་ཀྱི་བར་དང་ས་ཁུལ་བར་གྱི་དབུལ་ཕྱུག་གི་ཧེ་བག་མུ་མཐུད་དུ་ཇེ་ཆེར་འགྲོ་བཞིན་པ་སོགས་མཆིས། ཡིན་ནའང་ཞིས་ཅིན་ཕིང་ལགས་ཀྱིས་“འཛམ་གླིང་ལ་གནོད་སྐྱོན་གཏོང་བའི་གནད་དོན་ཧ་ཅང་མང་པོ་ཞིག་ནི་དཔལ་འབྱོར་འཛམ་གླིང་ཅན་དུ་འགྱུར་བའི་ཁྲོད་ནས་བྱུང་བ་ཞིག་མིན། འཛམ་གླིང་ལ་གནོད་སྐྱོན་གཏོང་བའི་གནད་དོན་དེ་དཔལ་འབྱོར་འཛམ་གླིང་ཅན་དུ་འགྱུར་བ་ཙམ་དུ་མདོར་དྲིལ་ན་དོན་དངོས་དང་མི་འཚམ་པ་ཞིག་ཡིན་པ་མ་ཟད། གནད་དོན་ཐག་གཅོད་བྱེད་པ་ལའང་ཕན་རྐྱེན་ཅི་ཡང་མེད། ”ཅེས་གསུངས། 
  དཔལ་འབྱོར་འཛམ་གླིང་ཅན་དུ་འགྱུར་བ་ལས་བྱུང་བའི་གོ་སྐབས་དང་འགྲན་སློང་ལ་དམིགས་ནས་ཞིས་ཅིན་ཕིང་ལགས་ཀྱིས་“ཡང་དག་པའི་གདམ་ག་ནི་གོ་སྐབས་བཟང་པོ་གང་ལེགས་སྒོས་བེད་སྤྱོད་བཏང་སྟེ་མཉམ་ལས་ཀྱིས་གནད་དོན་ཡོངས་ལ་ཁ་གཏད་བཅག་ནས་དཔལ་འབྱོར་འཛམ་གླིང་ཅན་དུ་འགྱུར་བ་སྐུལ་ཁྲིད་བཟང་པོ་བྱེད་རྒྱུ་དེའོ། ། དེ་ཡང་དཔལ་འབྱོར་འཛམ་གླིང་ཅན་དུ་འགྱུར་བའི་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་རྣམས་སེལ་ཐབས་བྱས་ཏེ། དེ་ཉིད་ཀྱིས་རྒྱལ་ཁབ་དང་མི་རིགས་སོ་སོར་ཁེ་ཕན་བསྐྲུན་དུ་འཇུག་དགོས།”ཞེས་གསུངས། 
  འཕེལ་རྒྱས་ནི་དེང་སྐབས་འཛམ་གླིང་གི་བརྗོད་གཞི་གཙོ་བོ་ཞིག་ཡིན་ཞིང་། ཞི་བདེ་ནི་དེང་སྐབས་འཛམ་གླིང་གི་བརྗོད་གཞི་གཙོ་བོ་གཞན་ཞིག་ཡིན། མིའི་རིགས་ཀྱང་ད་ནི་འགྲན་སློང་དང་ཉེན་ཁ་རབ་དང་རིམ་པ་བྱུང་དང་འབྱུང་བཞིན་པའི་དུས་རབས་ཤིག་ཏུ་སླེབས་ཡོད་དེ། ཕྱོགས་གཅིག་ནས་རིམས་ནད་ལྗིད་མོ་དང་། གནམ་གཤིས་ཀྱི་འགྱུར་ལྡོག ཁོར་ཡུག་སྦག་བཙོག་བཅས་ཀྱིས་འཚོ་བའི་ཁོར་ཡུག་གི་གནད་དོན་འབུར་ཐོན་དུ་བཅུག་པ་དང་། ཕྱོགས་གཞན་ཞིག་ནས་འཇམ་འཐབ་ཀྱི་བསམ་གཞིགས་དང་། བཙན་དབང་གི་ཆབ་སྲིད། ས་ཁུལ་བར་གྱི་འགལ་བ། འཇིགས་སྐུལ་རིང་ལུགས་བཅས་ཀྱིས་ཀྱང་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་གནོད་པ་གཏོང་བཞིན་ཡོད།  
  ཞི་བདེ་དང་འཕེལ་རྒྱས་ཞེས་པའི་འཛམ་གླིང་གི་བརྗོད་གཞི་གཙོ་བོ་འདིར་དམིགས་ནས། ཞིས་ཅིན་ཕིང་ལགས་ཀྱིས་སྟོབས་ཤུགས་ལྡན་པའི་ཀྲུང་གོའི་སྐད་སྒྲ་བཏོན་པ་ནི་“ང་ཚོས་མི་དམངས་ཀྱི་འབོད་སྒྲ་དང་བསྟུན་ནས་ལོ་རྒྱུས་ལ་རྒྱུན་མཐུད་ཀྱིས་འགན་ལེན་དང་། མུ་མཐུད་དུ་ཞི་བདེ་དང་འཕེལ་རྒྱས་ཀྱི་ལམ་བུའི་སྟེང་འབད་འབུངས་ཀྱིས་མདུན་དུ་བསྐྱོད་རྒྱུ་དེའོ། །”
  ཇི་སྐད་དུ་། འདུ་ཤེས་ཀྱིས་ནི་སྤྱོད་པར་སྣེ་ཁྲིད་ཅིང་། །ཁ་ཕྱོགས་ཀྱིས་ནི་བགྲོད་ལམ་སྟོན་པ་བཞིན། ། གནད་དོན་དེ་མེད་པར་གཏོང་ན་གདམ་ག་གཏོང་དགོས་ལ། གནད་དོན་གྱི་ལྕགས་སྒྲོག་དེ་འབྱེད་དགོས་ཚེ་ངེས་པར་དུ་དེའི་ལྡེ་མིག་ཡང་དག་དེ་དགོས་པ་རེད། ཀྲུང་གོའི་བཏོན་པའི་གྲོས་གཞི་ནི་ “མིའི་རིགས་ཀྱི་ལས་དབང་ཐུན་མོང་པ་བསྐྲུན་ཏེ་མཉམ་རྒྱལ་མཉམ་རོལ་བྱེད་པ་མངོན་འགྱུར་བྱ་རྒྱུ་”དེ་ཡིན། 
  བསམ་སྦྱོར་ཟུང་འབྲེལ་བགྱིས་ནས་ནི། ། ཀྲུང་གོས་འགན་དེ་འཁུར་བར་བྱ། །
  འགན་ཁུར་ནི་འགན་སེམས་དང་། ནུས་པ། ཐེག་ཁུར་རྟུལ་ཕོད་པ་བཅས་ཡིན་དགོས་ལ། རྒྱལ་སྤྱིའི་ཨོའུ་རྩལ་ཨུ་ལྷན་གྱི་ཀྲུའུ་ཞི་པཱ་ཧུའུ་ཡིས་ཞིས་ཅིན་ཕིང་ལགས་དང་གླེང་མོལ་བྱས་རྗེས་གསུང་དོན།“ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ང་ལ་བག་ཆགས་ཟབ་མོ་བཞག་སོང་། ཁོང་ནི་བསམ་སྦྱོར་ཟུང་འབྲེལ་ཅན་གྱི་འགོ་ཁྲིད་ཅིག་རེད་འདུག ཁོང་ལ་དམིགས་འབེན་ཡོད་པ་མ་ཟད། དེ་ཇི་ལྟར་ལག་ལེན་མངོན་འགྱུར་བྱེད་པའི་འཐབ་ཇུས་ཀྱང་གཏན་འཁེལ་ཟིན་ལ། ལམ་ཁ་ཡང་གསལ་པོར་བཏོན་འདུག་”ཅེས་གསུངས། 
  གཞི་གྲངས་སྐོར་ཞིག་གི་ཐོག་ནས་ཐད་ཀར་ཀྲུང་གོའི་སྟོབས་ཤུགས་དངོས་མངོན་ཐུབ་སྟེ།  2016ལོར། ཀྲུང་གོའི་དཔལ་འབྱོར་གྱིས་འཛམ་གླིང་དཔལ་འབྱོར་གྱི་གོང་འཕེལ་འགྲོ་བར་བྱས་རྗེས་བཞག་ཚད33.2%ཟིན་གྱི་ཡོད་པ་དང་སྔར་བཞིན་འཛམ་གླིང་གི་རྩེ་གྲར་གནས་ཡོད། འདས་པའི་ལོ་ལྔའི་རིང་། ཀྲུང་གོའི་དཔལ་འབྱོར་གྱིས་འཛམ་གླིང་ལ་བྱས་རྗེས་བཞག་པའི་ཚད33%ཡས་མས་རྒྱུན་མཐུད་ངང་མཐའ་འཁྱོངས་བྱས་པ་དང་། ཡིན་ནའང་དེང་སྐབས་འཛམ་གླིང་སྟེང་གི་དཔལ་འབྱོར་གྱི་ཨང་དང་པོ་ཟིན་པའི་ཨ་རི་ཡིས་འདིའི་ཐད་ཀྱི་བྱས་རྗེས་བཞག་ཚད20%ཡས་མས་ལས་ཟིན་མེད། 
  གཞི་གྲངས་སྐོར་ཞིག་གིས་ཀྲུང་གོའི་བྱས་རྗེས་མཚོན་ཐུབ་ཀྱི་ཡོད་དེ། 1950ལོ་ནས2016ལོའི་བར།  ཀྲུང་གོས་ཕྱི་རུ་རོགས་སྐྱོར་དངུལ་བུན་དམངས་སྒོར་དུང་ཕྱུར40000མཁོ་སྤྲོད་བྱས་པ་དང་། ཕྱི་རུ་རོགས་སྐྱོར་བྱེད་པའི་རྣམ་གྲངས5000ལྷག་དང་། གསོ་སྦྱོང་འཛིན་གྲྭ11000བསྒྲུབས་པ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དེ་ཀྲུང་གོ་ཡོད་པའི་གསོ་སྦྱོང་མི་སྣ་ཁྲི26ལྷག་བསྐྱེད་བསྲིངས་བྱས། གྲངས་ཀ་འདི་དག་ནི་འཛམ་གླིང་ཨང་རིམ་མདུན་གྲས་སུ་ཟིན་ཡོད །
  དེ་བཞིན་གཞི་གྲངས་སྐོར་ཞིག་གིས་ཀྲུང་གོའི་གོ་སྐབས་བཟང་པོ་བསྟན་ཡོད་དེ། མ་འོངས་པའི་ལོ་ལྔའི་ནང་། ཀྲུང་གོས་ཨ་སྒོར་དུང་ཕྱུར་ཁྲི་༨ཀྱི་ཚོང་ཟོག་ནང་འདྲེན་དང་། ཕྱི་ནས་ཡོང་བའི་མ་འཇོག་ཨ་སྒོར་དུང་ཕྱུར6000བསྡུ་ལེན་བྱ་རྒྱུ། ཕྱི་ཕྱོགས་སུ་གཏོང་བའི་མ་འཇོག་སྤྱི་འབོར་གྱིས་ཨ་སྒོར་དུང་ཕྱུར7500ཟིན་རྒྱུ། ཕྱི་རྒྱལ་ལ་ལྟ་སྐོར་དུ་འགྲོ་བའི་མི་ཐེངས་དུང་ཕྱུར7ཟིན་རྒྱུ་བཅས་ཡིན། འདི་ནི་ཀྲུང་གོའི་འཕེལ་རྒྱས་ཡིན་ལ་འཛམ་གླིང་གི་གོ་སྐབས་ཤིག་ཀྱང་ཡིན། 
  དངོས་ཡོད་སྟོབས་ཤུགས་དང་། བྱས་རྗེས། གོ་སྐབས་བཅས་ཡོད་པས་འཛམ་གླིང་གྲོས་གཞིའི་སྣེ་འཁྲིད་པའི་འགན་འཁུར་པ་ཞིག་བྱེད་པར་མི་འདང་སྟེ། ད་དུང་རྒྱུན་མཐུད་ཀྱི་འདུ་ཤེས་དང་ཡུན་རིང་གི་རྒྱུན་འཁྱོངས་ཡོད་པ་བྱ་དགོས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་ཁུར་དང་གཏམ་བརྗོད་སྣ་ཚོགས་ཀྱི་བགྲོ་གླེང་ཁྲོད། ཞིས་ཅིན་ཕིང་ལགས་ཀྱིས་གསལ་པོར་བསྟན་པ་ནི། 
ཀྲུང་གོས་དཔལ་འབྱོར་འཕར་བའི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་རྒྱུར་ཤུགས་འདོན་རྒྱུ་དང་། ཀྲུང་གོས་མུ་མཐུད་དུ་དཔལ་འབྱོར་འཕར་སྣོན་གྱི་སྒུལ་ཤུགས་དང་ཁྲོམ་རའི་གསོན་ཤུགས་ལ་སྐུལ་སློང་བྱེད་རྒྱུ། ཀྲུང་གོས་ཧུར་ཐག་གིས་གོ་རིམ་ལྡན་པའི་མ་དངུལ་འཇོག་པའི་ཁོར་ཡུག་ཡངས་པོ་ཞིག་བསྐྲུན་རྒྱུ། ཀྲུང་གོས་ཐུན་མོང་ངང་འཕེལ་རྒྱས་སུ་འགྲོ་བའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་གནས་བབ་འཛུགས་པར་ཤུགས་ཆེན་རྒྱག་རྒྱུ་བཅས་ཡིན། འདི་ནི་རྒྱལ་ནང་གི་འཕེལ་རྒྱས་གནད་དོན་ལ་དམིགས་ནས་བཏོན་པའི་ཀྲུང་གོའི་ནམ་ཡང་འགྱུར་བ་མེད་པའི་ཆོད་སེམས་ཡིན། 
  ཀྲུང་གོས་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་བྱེད་པའི་ཆོད་སེམས་འགྱུར་མི་སྲིད་པ་དང་། ཀྲུང་གོས་ཐུན་མོང་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ཆོད་སེམས་འགྱུར་མི་སྲིད། ཀྲུང་གོས་མཐུན་གྲོགས་ཀྱི་འབྲེལ་བ་འཛུགས་པའི་ཆོད་སེམས་འགྱུར་མི་སྲིད། ཀྲུང་གོས་མཐའ་མང་རིང་ལུགས་ལ་རམ་འདེགས་བྱེད་པའི་ཆོད་སེམས་འགྱུར་མི་སྲིད་པ་བཅས་ཡིན། འདི་ནི་རྒྱལ་སྤྱིའི་འབྲེལ་བའི་འཕེལ་རྒྱས་ལ་དམིགས་ནས་ཀྲུང་གོས་འཛམ་པོ་གླིང་ལ་ཕུལ་བའི་བློ་སེམས་བདེ་རུ་འཇུག་པའི་སྨན་མཆོག་ཅིག་ཡིན། 
  གནས་ལུགས་ཆེན་པོ་ཚིག་གཅིག་འདུས། །དངོས་དོན་སྒྲུབ་པར་གཙོ་བོ་གལ། །ཞེས་པ་བཞིན་གོང་འཕེལ་དུ་འགྲོ་འདོད་ན་ནི་སྒྲུབ་པར་འདོད་པ་དང་། ཧུར་བརྩོན་གྱིས་སྒྲུབ་པ། དངོས་དོན་གྱིས་སྒྲུབ་པ་བཅས་བྱེད་དགོས་ཤིང་། དེ་བཞིན་ཕྱོགས་རིས་མེད་པ་དང་། དྲང་གཞག་ཡིན་པ། རང་མགོ་ཐོན་པ་བཅས་ཀྱང་བྱེད་དགོས། ཞིས་ཅིན་ཕིང་ལགས་ཀྱིས་གཏམ་བཤད་ཐེངས་གཉིས་ཀྱི་ཁྲོད་འགྱུར་བ་མེད་པའོ་ཆོད་སེམས་གསལ་སྟོན་གནང་བ་མ་ཟད། གང་ལེགས་ཀྱིས་ཀྲུང་གོས་འཛམ་གླིང་ལ་འགན་འཁུར་བའི་བསམ་འདུན་མངོན་པར་བཏོན་ཡོད། 
  དེང་རབས་མི་ལ་བསམ་གཞིགས་དང་། །མི་རབས་རྗེས་མར་འགན་འཁུར་ཆེད། །
  གལ་ཏེ་ཀྲུང་གོའི་རྡར་ཤ་དང་རྣམ་འགྱུར་གྱིས་འཛམ་གླིང་ལ་ཁ་ཕྱོགས་བསྟན་པ་དང་། ཀྲུང་གོའི་སྲིད་ཇུས་དང་ཆོད་སེམས་ཀྱིས་འཛམ་གླིང་ལ་ཡིད་ཆེས་སྤྲད་པ་ཡིན་ན། ཀྲུང་གོའི་བཞེད་དོན་དང་གྲོས་གཞིས་འཛམ་གླིང་མི་དམངས་ལ་རེ་འདུན་ཞིག་གནང་བ་རེད། ཀྲུང་གོའི་མི་དམངས་ཀྱིས་ཐོག་མཐའ་བར་གསུམ་དུ་འཛམ་གླིང་ལེགས་པོ་བྱུང་ན་ད་གཟོད་ཀྲུང་གོ་ལེགས་པོ་འབྱུང་བ་དང་། དེ་བཞིན་ཀྲུང་གོ་ལེགས་པོ་བྱུང་ན་ད་གཟོད་འཛམ་གླིང་དེ་བས་ཀྱང་ལེགས་པོ་འབྱུང་ངོ་ཞེས་འདོད་ཀྱི་ཡོད། དེང་སྐབས་ཀྱི་འཛམ་གླིང་ཐད་ནས་བརྗོད་ན་“ཀྲུང་གོའི་ལེགས་པོ་”ནི་དངོས་དོན་དང་འཕེལ་ཕྱོགས་མངོན་གསལ་དོད་པོ་ཡིན་པ་དང་། “ཀྲུང་གོས་ཇི་ལྟར་འཛམ་གླིང་ལེགས་པོར་གཏོང་རྒྱུ་”ལ་འཛམ་གླིང་མི་དམངས་ཀྱི་རེ་བ་ཆེན་པོ་བཟུང་ཡོད་པ་རེད། 
  དེང་རབས་ཀྱི་མི་དང་མི་རབས་རྗེས་མ་གཉི་ཆ་ལ་བསམ་གཞིགས་གནང་སྟེ། “མིའི་རིགས་ཀྱི་ལས་དབང་ཐུན་མོང་པ་བསྐྲུན་རྒྱུ་”ནི་ཞིས་ཅིན་ཕིང་ལགས་ཀྱིས་འཛམ་གླིང་མི་དམངས་ཀྱིས་རེ་བཞག་བྱས་པའི་ལན་དུ་བཏོན་པའི་ཀྲུང་གོའི་གྲོས་གཞི་ཡིན་ཞིང་། ལས་དབང་ཐུན་མོང་པ་འདི་ནི་འཛམ་གླིང་གི་རྒྱལ་ཁབ་སོ་སོས་ཐུན་མོང་ངང་འཛམ་གླིང་གི་ལས་དབང་ལ་མངའ་བསྒྱུར་བ་དང་། ཐུན་མོང་ངང་རྒྱལ་སྤྱིའི་ལམ་སྲོལ་འབྲི་བ། ཐུན་མོང་ངང་འཛམ་གླིང་གི་ལས་དོན་བདག་སྐྱོང་བྱེད་པ། ཐུན་མོང་ངང་འཕེལ་རྒྱས་ལས་བྱུང་བའི་འབྲས་བུ་མཉམ་རོལ་བྱ་རྒྱུ་བཅས་ཀྱི་ཐུན་མོང་གི་ཧྲིལ་གཟུགས་ཤིག་ཡིན། 
  འདས་པའི་ལོ་ཟླའི་ནང་ཞིས་ཅིན་ཕིང་ལགས་ཕྱི་རྒྱལ་དུ་འཚམས་འདྲིར་ཕེབས་པ་དང་རྒྱལ་ཁབ་ཉི་ཤུ་ཡི་ཚོགས་པའི་དབུ་ཁྲིད་རྣམས་ཧང་ཀྲོའུ་རུ་གྲོས་ཚོགས་འཚོགས་པ་སོགས་རྒྱལ་སྤྱིའི་བྱེད་སྒོའི་སྟེང་སྤེལ་བའི་གཏམ་བཤད་དང་བསྡུར་ན། ད་ཐེངས་ཀྱི་གཏམ་བཤད་ནང་གི་“ཀྲུང་གོའི་གྲོས་གཞི་”ནི་ཁ་གསལ་ཞིང་དོན་བསྡུས་པ་ཞིག་རེད་འདུག་སྟེ། གསར་གཏོད་རྒྱུན་འཁྱོངས་བྱས་ནས་གསོན་ཤུགས་ལྡན་པའི་འཕེལ་རྒྱས་ཀྱི་རྣམ་པ་བསྐྲུན་རྒྱུ་དང་། གཞོགས་འདེགས་མཉམ་འབྲེལ་རྒྱུན་འཁྱོངས་བྱས་ནས་སྒོ་དབྱེ་ཐུན་མོང་ངང་རྒྱལ་ཁ་ལེན་པའི་མཉམ་འབྲེལ་གྱི་རྣམ་པ་གསར་འཛུགས་བྱེད་རྒྱུ། དུས་བསྟུན་གོང་འཕེལ་རྒྱུན་འཁྱོངས་དང་འདྲ་མཉམ་དྲང་བདེན་གྱི་བཅོས་སྐྱོང་རྣམ་པ་བསྐྲུན་རྒྱུ། འདྲ་མཉམ་བློ་ཡངས་རྒྱུན་འཛིན་བྱས་ནས་ཀུན་ལ་ཕན་ཞིང་དོ་མཉམ་ཡོང་བའི་འཕེལ་རྒྱས་ཀྱི་རྣམ་པ་བསྐྲུན་རྒྱུ་བཅས་ཡིན། འདི་ནི་ཀྲུང་གོས་བཏོན་པའི་འཛམ་གླིང་དཔལ་འབྱོར་འཕེལ་རྒྱས་སྐོར་གྱི་གྲོས་གཞི་གསར་པ་ཞིག་ཡིན།  
  ཞིས་ཅིན་ཕིང་ལགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་རི་ནི་ཝར་སྤྱི་ཁྱབ་པུའུ་རུ་《མཉམ་དུ་མིའི་རིགས་ཀྱི་ལས་དབང་ཐུན་མོང་པ་འཛུགས་སྐྲུན་བྱེད་པ》ཞེས་པའི་གཏམ་བཤད་གནང་བ་ལ། ཚོགས་རར་དེར་བཞུགས་པའི་ཉན་མཁན་རྣམས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་ཐལ་མོ་ཐེངས30ལྷག་རྡེབ་པ་དང་། སྣང་ཚུལ་འདི་ནི་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་འཐུས་མི་དང་ལས་རིགས་སོ་སོའི་མི་སྣ་ཀུན་གྱིས་ཁོང་ལ་གཟེངས་བསྟོད་དང་ཀྲུང་གོ་ཁས་བླངས་པ་ཞིག་ཡིན་པ་སྨྲ་ག་ལ་དགོས། དེའི་ཕྱིར། འདི་ནི་ཆེས་ལེགས་པའི་དུས་རབས་ཤིག་ཡིན་ལ། ཆེས་མི་ལེགས་པའི་དུས་རབས་ཤིག་ཀྱང་ཡིན། དེ་བས་ཀྱང་ཀྲུང་གོའི་གྲོས་གཞི་མཁོ་བའི་དུས་རབས་ཤིག་ཡིན། 
  ཇི་སྐད་དུ། བློ་གསལ་དག་གིས་དུས་དང་བསྟུན་ནས་སྒྲུབ། །བློ་གྲོས་ལྡན་པས་དོན་ཀུན་ལུགས་ལྟར་སྒྲུབ། །ཅེས་པ་ལྟར།
  དཔལ་འབྱོར་འཛམ་གླིང་ཅན་དུ་འགྱུར་རྒྱུ་ནི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཡིན་ལ། ཞི་བདེ་དང་འཕེལ་རྒྱས་ནི་ཐུན་མོང་གི་རེ་སྨོན་ཡང་ཡིན་པས། ཀྲུང་གོས་དུས་རབས་ཀྱི་འཕེལ་ཕྱོགས་དང་བསྟུན་ནས་འཛམ་གླིང་གི་འགན་འཁུར་ཕྲག་ཏུ་བླངས་ནས་མི་དམངས་ཀྱི་རེ་སྒུག་ལ་ལན་བཏབ་པ་ཡིན། ཞིས་ཅིན་ཕིང་ལགས་ཀྱིས་རི་ནི་ཝར་དུ་“ཞི་བདེའི་དཔའ་འབར་མི་རབས་ནས་མི་རབས་བརྒྱུད་དེ་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཟམ་མི་ཆད་པ་དང་། ཤེས་དཔལ་གྱི་གཟི་འོད་ལམ་ལམ་འཚེར་བར་བྱ་རྒྱུ་ནི་རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་རེ་སྒུག་ཡིན་ལ། ང་ཚོའི་མི་རབས་འདི་ཡི་ཆབ་སྲིད་པའི་འོས་འགན་ཞིག་ཀྱང་ཡིན་”ཞེས་གསུང་པ་ནང་བཞིན་ནོ།    །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།