ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིན་གྱིས་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི2017ལོའི་ལོ་ཚོགས་སྒོ་དབྱེའི་མཛད་སྒོ་སྟེང་གཏམ་བཤད་གཙོ་བོ་གནང་བ།

ཡོང་ཁུངས། : ཀྲུང་གོའི་བོད་ལྗོངས་དྲ་བ།     སྤེལ་དུས། : 2017-01-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༡.jpg

ཟླ1པོའི་ཚེས17ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིན་ལགས་སུའུ་སེའི་ཏཱ་བོ་སི་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་སུ་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི2017ལོའི་ལོ་ཚོགས་སྒོ་དབྱེའི་མཛད་སྒོར་ཞུགས་ཤིང་། ཁོང་གིས《ལས་འགན་མཉམ་འཁུར་དུས་རབས་ཀྱི་འགན་འཁུར་གྱིས་འཛམ་གླིང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ》ཞེས་པའི་བརྗོད་དོན་གཏམ་བཤད་གནང་། 

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིན་ལགས་ཀྱིས་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི2017ལོའི་ལོ་ཚོགས་སྒོ་དབྱེའི་མཛད་སྒོར་ཞུགས་པ་མ་ཟད། ད་དུང《ལས་འགན་མཉམ་འཁུར་དུས་རབས་ཀྱི་འགན་འཁུར་གྱིས་འཛམ་གླིང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ》ཞེས་པའི་བརྗོད་དོན་གཏམ་བཤད་གལ་ཆེན་གནང་། དེའི་མ་ཡིག་ཧྲིལ་བོ་ནི་གཤམ་གསལ་ལྟར།

དུས་རབས་ཀྱི་ལས་འགན་མཉམ་པོར་འཁུར་ནས། འཛམ་གླིང་ཡོངས་ནས་འཕེལ་བར་མཉམ་སྐུལ་བྱེད།                     

     ——འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི2017ལོའི་ལོ་ཚོགས་སྒོ་དབྱེའི་མཛད་སྒོ་སྟེང་གི་བརྗོད་དོན་གཏམ་བཤད།

(2017ལོའི་ཟླ1པོའི་ཚེས17ཉིན། ཏཱ་བོ་སི།)

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཞི་ཅིན་ཕིན།

གུས་པར་འོས་པའི་ཀྲུའུ་ཞི་ལོ་དབྱི་ཐི་ཧྭ་རྡི་དང་སྐུ་ཞབས་ཧའོ་སིན་ལགས། བརྩེ་ལྡན་གྱི་རྒྱལ་ཁབ་སོ་སོའི་དབུ་ཁྲིད་དང་། སྲིད་གཞུང་འགོ་དཔོན་དང་འགོ་དཔོན་ཟུར་པ། ལྕམ་མོ། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་པ། གུས་པར་འོས་པའི་ཀྲུའུ་ཞི་ཧྲི་ཝ་པུའུ་དང་ལྕམ་མོ། སྲས་མོ་དང་། སྐུ་ཞབས། གྲོགས་པོ་རྣམ་པ་ལྷན་རྒྱས། ང་རང་མཛེས་སྡུག་ལྡན་པའི་གྲོང་ཁྱེར་འདིར་ཏཱ་བོ་སིར་སླེབས་པར་དགའ་ཚོར་ཆེན་པོ་བྱུང་ཡོད། ཏཱ་བོ་སི་ནི་ཨར་པེ་སི་རི་རྒྱུད་ཁྲོད་ཀྱི་གྲོང་བརྡལ་ཆུང་ངུ་ཞིག་ཡིན་ཡང་འདི་ནི་འཛམ་གླིང་དཔལ་འབྱོར་ལ་བལྟ་བའི་སྒེའུ་ཁུང་གལ་ཆེན་ཞིག་ཡིན།  ང་ཚོ་ཕྱོགས་བཞི་མཚམས་བརྒྱད་ནས་གནས་འདིར་འཛོམས་ཤིང་བསམ་བློ་སྣ་ཚོགས་ཀྱི་འབྲེལ་འདྲིས་ཁྲོད་ནས་ཤེས་རབ་ཀྱི་མེ་སྟག་འཕྲོ་ཞིང་ནུས་ཤུགས་ཆུང་ངུ་ཞིག་ལ་བརྟེན་ནས་ཤེས་ཡོན་ཆེན་པོ་ཞིག་ཐོབ་པར་གྱུར། ངས་སྣང་ཚུལ་འདི་ལ་ཧྲི་ཝ་པུའུ་དཔལ་འབྱོར་རིག་པ་ཟེར་ཆོག་གི་ཡོད། 

“འདི་ནི་ཆེས་ལེགས་པའི་དུས་རབས་ཤིག་ཡིན་ལ། ཆེས་མི་ལེགས་པའི་དུས་རབས་ཤིག་ཀྱང་ཡིན།”དབྱིན་ཇིའི་རྩོམ་རིག་པ་ཏི་ཀུན་སིས་སྔོན་ཆད་བཟོ་ལས་གསར་བརྗེ་བྱུང་རྗེས་ཀྱི་འཛམ་གླིང་ལ་འདི་ལྟར་སྤྱི་བསྡོམས་བྱས། དེ་རིང་ང་ཚོ་ཡང་འགལ་འདུ་ཆེ་བའི་འཇིག་རྟེན་ཞིག་ཏུ་གནས་ཡོད། ཕྱོགས་གཅིག་ནས་དངོས་པོའི་དཔལ་ཡོན་མཚམས་མི་ཆད་པར་གསོག་འཇོག་བྱུང་བ་དང་། ཚན་རྩལ་འཕེལ་རྒྱས་ཉིན་ནས་ཟླ་ལྟར་བརྗེ་བཞིན། མིའི་རིགས་ཀྱི་གསར་གཏོད་དང་འཕེལ་རྒྱས་ལོ་རྒྱས་སྟེང་གི་ཆེས་མཐོ་བའི་ཆུ་ཚད་དུ་སླེབས། ཕྱོགས་གཞན་ཞིག་ནས་ས་ཁུལ་མི་འདྲ་བའི་དབར་གྱི་འགལ་བ་མཚམས་མི་ཆད་པར་བྱུང་བཞིན་པ་དང་། འཇིགས་སྐུལ་རིང་ལུགས། བཙན་བྱོལ་མི་འབོར་འཕར་བ་སོགས་འཛམ་གླིང་རང་བཞིན་གྱི་དྲི་བ་གཅིག་འཇགས་གཅིག་ལངས་སུ་བྱུང་བྱུང་མུས་སུ་མཆིས། དབུལ་ཕོངས་དང་། ལས་ཤོར། ཐོན་འབབ་བར་ཁྱད་ཆེ་བ་སོགས་འཛམ་གླིང་ལ་ཁ་ཐུག་པའི་གཏན་འཇགས་མ་ཡིན་པའི་ཚད་ཇེ་མཐོར་འགྲོ་བཞིན་ཡོད།

གནད་དོན་འདི་དག་གིས་མི་མང་པོར་སེམས་ཁྲལ་ལངས་སུ་བཅུག་ཅིང་འཛམ་གླིང་འདིར་ཅི་ཞིག་བྱུང་བ་ཡིན་ནམ་ཞེས་དྲི་བ་འདོན་པར་བྱེད། 

སེམས་གཅོང་འདི་སེལ་དགོས་ཚེ། ཐོག་མར་གནད་དོན་གྱི་རྩ་བ་རྙེད་དགོས། ལྟ་ཚུལ་རིགས་གཅིག་གིས་འཛམ་གླིང་གི་སྣང་ཚུལ་འདྲ་མིན་རྣམས་དཔལ་འབྱོར་འཛམ་གླིང་ཅན་དུ་འགྱུར་བ་ཞེས་པའི་ཁོངས་སུ་བསྡུས་ཡོད། དཔལ་འབྱོར་འཛམ་གླིང་ཅན་ཞེས་པ་དེ་སྔ་མི་རྣམས་ཀྱིས་ཨ་ལི་པ་པའི་རི་དོང་དང་འདྲ་བར་སེམས་ཤིང་། དུས་ད་ལྟར་མི་རྣམས་ཀྱིས་ཕན་ཏོ་ལའི་སྒམ་ཆུང་དུ་སེམས་ཀྱི་ཡོད་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དཔལ་འབྱོར་འཛམ་གླིང་ཅན་དུ་འགྱུར་བའི་སྐོར་གྱི་བགྲོ་གླེང་རྒྱ་ཆེར་གནང་ཡོད། དུས་དེ་རིང་། བདག་གིས་དཔལ་འབྱོར་འཛམ་གླིང་ཅན་དུ་འགྱུར་བཞིན་པའི་གནད་དོན་ནས་གཞི་བཙུགས་ཏེ། བདག་གིས་འཛམ་གླིང་དཔལ་འབྱོར་སྐོར་གྱི་བསམ་ཚུལ་ཞིག་བརྗོད་རྒྱུ་ཡིན།  

བདག་གིས་གང་བརྗོད་པར་འདོད་པ་ནི། འཛམ་གླིང་ལ་གནོད་སྐྱོན་གཏོང་བའི་གནད་དོན་ཧ་ཅང་མང་པོ་ཞིག་ནི་དཔལ་འབྱོར་འཛམ་གླིང་ཅན་དུ་འགྱུར་བའི་ཁྲོད་ནས་བྱུང་བ་ཞིག་མིན། དཔེར་ན། འདས་པའི་ལོ་འགའི་རིང་། ཡ་གླིང་དབུས་མ་དང་ཧྥེ་གླིང་བྱང་མ་ནས་བྱུང་བའི་བཙན་བྱོལ་པ་རྣམས་ཀྱིས་འཛམ་གླིང་སྒུལ་ཞིང་། དམངས་ཚོགས་ས་ཡ་དུ་མ་ཡུལ་གཞན་དུ་བྱེས་ཤིང་། ཐ་ན་ལོ་ཆུང་བྱིས་པ་མི་ཉུང་བ་ཞིག་འགྲུལ་བཞུད་ཀྱི་ཁྲོད་ནས་མཚོ་དུར་བྱས་པའང་བྱུང་བས་ང་ཚོ་ལ་སྡུག་བསྔལ་རབ་ཏུ་བསྐྱེད་པར་བྱེད། གནད་དོན་འདི་ཉིད་ཀྱི་འབྱུང་རྩ་ནི་དམག་འཁྲུག་དང་། བརྡབ་གསིག ས་ཁུལ་གྱི་ཟིང་འཁྲུག་སོགས་ཡིན་ཞིང་། གནད་དོན་འདིའི་ཐག་གཅོད་བྱེད་ཐབས་ནི་ཞི་བདེ་ལ་རེ་སྙེག་དང་། ཞི་གྲོས་ལ་སྐུལ་འདེད། གཏན་འཇགས་སླར་གསོ་བྱེད་པ་བཅས་ཡིན། ཡང་དཔེར་ན། རྒྱལ་སྤྱིའི་དངུལ་རྩ་ཡང་དཔལ་འབྱོར་འཛམ་གླིང་ཅན་དུ་འགྱུར་བའི་དགོས་ངེས་ཀྱི་ཐོན་དངོས་ཤིག་མིན་པར། དེ་ནི་དངུལ་རྩའི་མ་རྩ་ཁེ་ཕན་ལ་སྙེག་ཆེ་ཞིང་། དངུལ་རྩའི་ལྟ་སྐུལ་དོ་དམ་འཐུས་ཤོར་ཚབས་ཆེན་སོང་བའི་འབྲས་བུ་ཞིག་ཡིན། འཛམ་གླིང་ལ་གནོད་སྐྱོན་གཏོང་བའི་གནད་དོན་དེ་དཔལ་འབྱོར་འཛམ་གླིང་ཅན་དུ་འགྱུར་བ་ཙམ་དུ་མདོར་དྲིལ་ན་དོན་དངོས་དང་མི་འཚམ་པ་ཞིག་ཡིན་པ་མ་ཟད། གནད་དོན་ཐག་གཅོད་བྱེད་པ་ལའང་ཕན་རྐྱེན་ཅི་ཡང་མེད།

ལོ་རྒྱུས་ལ་བལྟས་ན། དཔལ་འབྱོར་འཛམ་གླིང་ཅན་དུ་འགྱུར་བ་ནི་སྤྱི་ཚོགས་ཐོན་སྐྱེན་ནུས་ཤུགས་འཕེལ་རྒྱས་སུ་འགྲོ་བའི་དངོས་ཡོད་ཀྱི་ཆ་རྐྱེན་ཞིག་དང་ཚན་རྩལ་འཕེལ་རྒྱས་སུ་སོང་བའི་དགོས་ངེས་ཀྱི་འབྲས་བུ་ཞིག་ཡིན། དེ་ནི་མི་ཆེ་གེ་མོ་ཞིག་དང་རྒྱལ་ཁབ་ག་གེ་མོ་ཞིག་གིས་གསར་བཟོ་བྱས་པ་ཞིག་ཀྱང་མིན། དཔལ་འབྱོར་འཛམ་གླིང་ཅན་དུ་འགྱུར་བ་དེས་འཛམ་གླིང་དཔལ་འབྱོར་གྱི་གོང་འཕེལ་ལ་སྒུལ་ཤུགས་ཆེན་པོ་གནང་ཞིང་། དེས་ཐོན་རྫས་དང་མ་རྩ་འཁོར་སྐྱོད། ཚན་རྩལ་དང་ཤེས་རིག་གོང་འཕེལ། རྒྱལ་ཁབ་རེ་རེའི་མི་དམངས་ཀྱི་འབྲེལ་འདྲིས་ལ་སྐུལ་འདེད་ཐེབས་ཀྱི་ཡོད། ང་ཚོས་དཔལ་འབྱོར་འཛམ་གླིང་ཅན་དུ་འགྱུར་བ་ནི་རལ་གྲི་སོ་གཉིས་མ་ཞིག་དང་འདྲ་བར་ཁས་ལེན་བྱེད་དགོས། འཛམ་གླིང་དཔལ་འབྱོར་དེ་ཐུར་དུ་འགྲོ་བའི་དུས་སྐབས་སུ། འཛམ་གླིང་དཔལ་འབྱོར་ཧྲིལ་གཟུགས་དེ་ཡང་ཆེ་རུ་ཆགས་མི་ཐུབ་ཅིང་ཐ་ན་ཆུང་དུ་ཕྱིན་པས་དེའི་འཕེལ་ཚད་དང་བགོ་བྱ། མ་རྩ་དང་ངལ་རྩོལ།  ཕྱོད་ཚད་དང་འདྲ་མཉམ་སོགས་ཀྱི་འགལ་ཟླ་སྔ་བས་ཀྱང་འབུར་དུ་ཐོན་པར་འགྱུར། འཕེལ་རྒྱས་ཆེ་བའི་རྒྱལ་ཁབ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཚང་མས་སེམས་སུ་གནོན་ཤུགས་དང་ཤུགས་རྐྱེན་ཐེབས་ངེས། འཛམ་གླིང་ཅན་ལ་རྒོལ་བའི་འབོད་སྐུལ་གྱིས་ཀྱང་དཔལ་འབྱོར་འཛམ་གླིང་ཅན་དུ་འགྱུར་བའི་བརྒྱུད་རིམ་ཁྲོད་ཀྱི་མི་འདང་བའི་གནས་རྣམས་ལ་ང་ཚོས་མཐོང་ཆེན་དང་བསམ་བློ་གཏོང་དགོས་པར་བཤད་པ་རེད། ཇི་སྐད་དུ། ཀན་ཀྭ་མངར་ཡང་རྩ་བ་ཁ་མོ་རུམ་སྟེ་སྐྱེས། །ཙོ་དམར་ཡག་ཀྱང་སྐྱེ་བ་ཚེར་མའི་ཕུང་བོ་ཉིད། །ཅེས་པ་སྟེ། མཚན་ཉིད་རིག་པའི་ངོས་ནས་བཤད་ན། འཛམ་གླིང་སྟེང་དུ་མཛེས་པའི་ཁོ་ལག་རྫོགས་པའི་དངོས་པོ་ཞིག་མེད་དེ་རྒྱུ་མཚན་ནི་བྱ་དངོས་གང་ཞིག་ལ་ལེགས་ཆ་ཡོད་པ་ཙམ་གྱིས་དེ་ཉིད་ཡོན་ཏན་ཀུན་རྫོགས་དང་སྐྱོན་ཀུན་བྲལ་ཞིག་ཏུ་བལྟ་མི་རུང་ཞིང་། བྱང་དངོས་ལ་སྐྱོན་ཆ་ཡོད་པ་ཙམ་གྱིས་དེ་ཉིད་སྐྱོན་འབའ་ཞིག་གི་ཕུང་བོ་ཞིག་ཏུའང་མི་སེམས་སོ། །དཔལ་འབྱོར་འཛམ་གླིང་ཅན་གྱིས་གནད་དོན་གསར་པ་འཁྱེར་འོངས་མོད། འོན་ཀྱང་ང་ཚོས་འདི་ཉིད་སྐྱོན་དུ་སེམས་ནས་དཔལ་འབྱོར་འཛམ་གླིང་ཅན་ལ་མཐའ་གཅིག་ཏུ་རྒོལ་ཡང་མི་རུང་བར། དེ་ལས་ལྡོག་སྟེ་དཔལ་འབྱོར་འཛམ་གླིང་ཅན་དུ་འགྱུར་བ་ལ་འཚམ་ཞིང་སྐུལ་ཁྲིད་བྱེད་དགོས་ལ། དཔལ་འབྱོར་འཛམ་གླིང་ཅན་དུ་འགྱུར་བའི་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་རྣམས་སེལ་ཐབས་བྱས་ཏེ། དེ་ཉིད་ཀྱིས་རྒྱལ་ཁབ་དང་མི་རིགས་སོ་སོར་ཁེ་ཕན་བསྐྲུན་དུ་འཇུག་དགོས། 

ལོ་དེར། ཀྲུང་གོས་ཀྱང་དཔལ་འབྱོར་འཛམ་གླིང་ཅན་དུ་འགྱུར་བ་ལ་ཐེ་ཚོམ་ཟོས་མྱོང་ཞིང་འཛམ་གླིང་ཉོ་ཚོང་རྩ་འཛུགས་སུ་ཞུགས་རྒྱུ་ཡང་འཚེར་སྣང་བྱུང་། འོན་ཀྱང་། ང་ཚོས་བསམས་པར་འཛམ་གླིང་དཔལ་འབྱོར་ཁྲོད་དུ་ཞུགས་པ་ནི་ལོ་རྒྱུས་ཀྱི་ཁ་ཕྱོགས་ཡིན་ལ། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་འགྲོ་དགོས་ན། འཛམ་གླིང་ཁྲོམ་རའི་རྒྱ་མཚོ་ནས་ཀྱང་རྐྱལ་རྩལ་སྦྱོང་དགོས། གལ་སྲིད་ནམ་ཡང་རྒྱ་མཚོའི་ཁྲོད་ཀྱི་ཆར་རླུང་ལ་ཁ་གཏད་ཅོག་མ་ནུས་པར་འཛམ་གླིང་མཐོང་མ་ཐུབ་ཚེ་ནམ་ཞིག་ཁྱེད་རང་ནུབ་སྲིད་དོ། །དེར་བརྟེན། ཀྲུང་གོས་བློ་སྟོབས་ཆེན་པོས་འཛམ་གླིང་ཁྲོམ་རར་གོམ་སྟབས་སྤོས་ཤིང་། དེའི་བརྒྱུད་རིམ་ཁྲོད་དུ་ང་ཚོར་ཆུ་འཁོར་དང་། མཚོ་རླུང་། མཚོ་རླབས་ལའང་འཕྲད་མོད། འོན་ཀྱང་ང་ཚོས་ཆུ་རྐྱལ་བའི་སྐབས་སུ་རྐྱལ་རྩལ་སྦྱོང་ཐུབ་པར་གྱུར་པས་འདི་ནི་ཐབས་ཕྱོགས་ཀྱི་གདམ་ག་ཡང་དག་པ་ཞིག་ཡིན། 

འཛམ་གླིང་དཔལ་འབྱོར་གྱི་མཚོ་ཆེན་ཁྱེད་ལ་དགོས་ཀྱང་མི་དགོས་ཀྱང་རུང་དེ་གཞི་ནས་ཡོད་ཅིང་གཡོལ་ཐབས་མེད་པ་ཞིག་ཡིན། བསམ་གཟས་ནས་ལག་རྩལ་བརྗེ་རེས་དང་། ཐོན་རྫས་བརྗེ་རེས། ཐོན་ལས་བརྗེ་རེས། མི་སྣའི་བརྗེ་རེས་སོགས་བཀག་བསྡོམས་བྱས་ཤིང་། དེ་ནས་འཛམ་གླིང་དཔལ་འབྱོར་གྱི་མཚོ་ཆེན་འདི་ཕྱིར་འཐེན་གྱིས་མཚེའུ་དང་ཆུ་ཕྲན་སོགས་སུ་འགྱུར་རྒྱུ་ནི་མི་སྲིད་པ་ཞིག་སྟེ། འདི་ནི་ལོ་རྒྱུས་བཞུར་རྒྱུན་ལའང་མི་མཐུན་ནོ། །  

མིའི་རིགས་ཀྱི་ལོ་རྒྱུས་ཀྱིས་ང་ཚོར་བཤད་རྒྱུར། གནད་དོན་ལ་འཇིགས་དགོས་མིན་ཏེ། འཇིགས་སུ་རུང་བ་ནི་གནད་དོན་ལ་ཡོལ་ཞིང་དེའི་ཐག་གཅོད་ཐབས་མི་རྙེད་པ་དེའོ། །དཔལ་འབྱོར་འཛམ་གླིང་ཅན་དུ་འགྱུར་བའི་གོ་སྐབས་དང་གནད་དོན་ལ་ཁ་གཏད་ཅིང་། དེའི་ཡང་དག་པའི་གདམ་ག་ནི་གོ་སྐབས་བཟང་པོ་གང་ལེགས་སྒོས་བེད་སྤྱོད་བཏང་སྟེ་མཉམ་ལས་ཀྱིས་གནད་དོན་ཡོངས་ལ་ཁ་གཏད་བཅག་ནས་དཔལ་འབྱོར་འཛམ་གླིང་ཅན་དུ་འགྱུར་བ་སྐུལ་ཁྲིད་བཟང་པོ་བྱེད་རྒྱུ་དེའོ། ། 

ན་ནིང་ལོ་མཇུག་ཏུ། ང་རང་གིས་ཡ་གླིང་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་འབྲེལ་རྩ་འཛུགས་ཀྱི་དབུ་ཁྲིད་པའི་སྤྱིར་བཏང་གི་ཚོགས་འདུ་ཚོགས་སྐབས་གླེང་དོན། དཔལ་འབྱོར་འཛམ་གླིང་ཅན་དུ་འགྱུར་བ་སྔར་བས་གསོན་ཤུགས་དང་། བཟོད་གསོལ། རྒྱུན་མཐུད་བཅས་དང་ལྡན་པར་བྱེད་པ་ལ། ང་ཚོས་རང་འགུལ་གྱིས་དེའི་ནང་ཞུགས་ནས་འོས་འཚམ་གྱིས་དོ་དམ་བྱས་ཏེ། དཔལ་འབྱོར་འཛམ་གླིང་ཅན་གྱི་དྲང་ཕྱོགས་ཀྱི་ཕན་ནུས་འདོགས་པར་བྱེད་པ་དང་། དཔལ་འབྱོར་འཛམ་གླིང་ཅན་དུ་འགྱུར་བའི་འཕེལ་རིམ་སྙོམས་སྒྲིག་མངོན་འགྱུར་བྱེད་དགོས། ང་ཚོས་འཕེལ་རླབས་དང་བསྟུན་ནས་རང་གི་རྒྱལ་ཁབ་ཀྱི་གནས་ཚུལ་དངོས་ནས་གཞིགས་ཏེ་ཡང་དག་པོའི་སྒོ་ནས་དཔལ་འབྱོར་འཛམ་གླིང་ཅན་དུ་འགྱུར་བའི་ལམ་ག་དང་འཕེལ་འགྲོས་ལ་མཐུན་དགོས། ང་ཚོས་ལས་ཕྱོད་ཀྱི་བླང་བྱ་དང་འདྲ་མཉམ་ལ་གཙིགས་ཆེན་བགྱིས་ནས་རྒྱལ་ཁབ་མི་འདྲ་བ་དང་། རིམ་གྲས་མི་འདྲ་བ། མི་ཚོགས་མི་འདྲ་བ་རྣམས་དཔལ་འབྱོར་འཛམ་གླིང་ཅན་དུ་འགྱུར་བའི་ཁེ་ཕན་ལ་མཉམ་སྤྱོད་བྱེད་པར་ཐུན་མོང་གིས་ཞུགས་དགོས། འདི་ནི་ང་ཚོའི་དུས་རབས་འདིའི་དབུ་ཁྲིད་རྣམས་ཀྱིས་འོས་འགན་ཡིན་ལ། རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་རེ་འདུན་ཡང་ཡིན། 

མཁྱེན་ལྡན་མ་ལྷན་རྒྱས་དང་། སྐུ་ཞབས་རྣམ་པ། གྲོགས་པོ་རྣམ་པ།

དེང་སྐབས། ཁ་ཚ་དགོས་གཏུགས་སུ་གྱུར་པའི་ལས་འགན་ནི་འཛམ་གླིང་དཔལ་འབྱོར་སྐུལ་ཁྲིད་བྱས་ནས་དེའི་དཀའ་གནས་ལས་ཐར་རྒྱུ་དེ་ཡིན། འཛམ་གླིང་དཔལ་འབྱོར་དུས་ཡུན་རིང་པོར་འཕེལ་མ་ཐུབ་ཅིང་། དེའི་ཁར་དབུལ་ཕྱུག་ཧེ་བག་དང་། ལྷོ་བྱང་ཧེ་བག་གི་གནད་དོན་འབུར་དུ་ཐོན་པ་ཞིག་ཡིན་ཞིང་། དེའི་དོན་གྱི་རྩ་བ་ནི་དཔལ་འབྱོར་ཁྱབ་ཁོངས་ཀྱི་འགལ་ཟླ་ཆེན་པོ་གསུམ་ཕན་ནུས་ལྡན་པའི་སྒོ་ནས་ཐག་གཅོད་བྱེད་ཐུབ་མེད་པས་རྐྱེན་ཡིན། 

གཅིག་ནི་འཛམ་གླིང་གོང་འཕེལ་འགྲོ་བའི་འགུལ་ནུས་མི་འདང་བས། འཛམ་གླིང་དཔལ་འབྱོར་རྒྱུན་མཐུད་ཀྱིས་འཕེལ་རྒྱས་འགྲོ་བར་དཀའ་བ། འཛམ་གླིང་དཔལ་འབྱོར་གྱི་འཕེལ་ཚད་ནི་ལོ་ངོ་༧གྱི་ཁྲོད་ནས་ཆེས་དམའ་བའི་ཆུ་ཚད་དུ་གནས་ཡོད་པ་དང་། འཛམ་གླིང་ཉོ་ཚོང་གི་འཕེལ་ཚད་དེ་དཔལ་འབྱོར་འཕེལ་ཚད་ལས་དམའ་བར་གནས། དུས་ཡུན་ཐུང་ངུའི་སྲིད་ཇུས་ཀྱིས་སྐུལ་འདེད་བྱེད་པའི་ཐབས་ཤེས་ལ་ཕན་ནུས་ཆེན་པོ་ལྡན་མེད་ལ། གཏིང་ཟབ་མོའི་སྒྲིག་གཞིའི་བཅོས་བསྒྱུར་བྱེད་བཞིན་པའི་སྒང་ཡིན། འཛམ་གླིང་དཔལ་འབྱོར་འགུལ་ནུས་སྤོ་བསྒྱུར་བྱེད་པའི་དུས་སྐབས་ཤིག་ཏུ་གནས་ཡོད་པ་སྟེ། སྲོལ་རྒྱུན་གྱི་གོང་སྤེལ་སྟོབས་ཤུགས་ཀྱིས་དཔལ་འབྱོར་གྱི་བྱེད་ནུས་ལ་ཕན་འདོགས་ཚད་ཆུང་དུ་ཕྱིན་ཅིང་། མི་བཟོས་རིག་ནུས། 3Dབསྐྱར་དཔེ་སོགས་ཀྱི་ལག་རྩལ་གསར་པ་བསྟུད་མར་བྱུང་མོད། འོན་ཀྱང་དཔལ་འབྱོར་འཕེལ་ཚད་ཀྱི་གྲངས་གནས་གསར་པ་ད་དུང་གྲུབ་མེད་པ་བཅས་ཀྱིས་འཛམ་གླིང་དཔལ་འབྱོར་ལ་བགྲོད་ལམ་གསར་པ་ཞིག་སྔར་བཞིན་གཏོད་མེད་དོ། །

གཉིས་ནི་འཛམ་གླིང་དཔལ་འབྱོར་ལེགས་བཅོས་དོ་དམ་རྗེས་སུ་ལུས་པས་འཛམ་གླིང་དཔལ་འབྱོར་གྱི་འཕེལ་རིམ་གསར་པའི་དགོས་མཁོ་དང་མི་འཚམ་པ། སྔ་མ་ཞིག་ལ། ལྕམ་ལཱ་ཅ་རྡི་ལགས་ཀྱིས་བདག་ལ་བཤད་རྒྱུར། གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཛམ་གླིང་དཔལ་འབྱོར་འཕེལ་རྒྱས་ཀྱི་བྱས་རྗེས་འཇོག་ཚད80%ཡན་ཟིན་ཅིང་། འདས་པའི་ལོ་བཅུའི་རིང་། རྒྱལ་སྤྱིའི་དཔལ་འབྱོར་སྟོབས་ཤུགས་ཀྱི་བསྡུར་ཚད་ལ་འགྱུར་ལྡོག་གཏིང་ཟབ་བྱུང་ཡང་འཛམ་གླིང་གི་དོ་དམ་མ་ལག་ལ་རྣམ་པ་གསར་པ་ཞིག་ཆགས་ཐུབ་མེད།  དེའི་འཐུས་ཚབ་རང་བཞིན་དང་བཟོད་གསོལ་རང་བཞིན་ཡང་མི་འདང་། འཛམ་གླིང་ཐོན་ལས་ཀྱི་ཁྱབ་ཚད་དེ་མུ་མཐུད་ནས་སྙོམས་སྒྲིག་བྱུང་བར་ཐོན་ལས་གསར་པ་དང་། རིན་ཐང་གསར་པ།  འདོན་སྤྲོད་འབྲེལ་ཐག་གསར་བ་བཅས་ཉིན་ལྟར་གྲུབ་བཞིན་ཡོད། འོན་ཀྱང་ཉོ་ཚོང་དང་མ་རྩ་གཏོང་བའི་རྩ་དོན་དེ་དུས་རབས་གསར་པའི་རྗེས་སུ་མི་ཟིན་པ། ལམ་ལུགས་སྒོ་བཀག་ཅན་དུ་གྱུར་པ། རྩ་དོན་སིལ་འཐོར་རང་བཞིན་གྱིས་ཤུགས་ཧ་ཅང་ཆེ་བ་སོགས་ཀྱི་གནད་དོན་མི་ཉུང་བ་ཞིག་ཡོད། འཛམ་གླིང་མ་རྩའི་ཁྲོམ་རར་ཉེན་འགོག་ནུས་ཤུགས་ཆེ་རུ་བསྐྱེད་དགོས་མོད། འོན་ཀྱང་འཛམ་གླིང་དངུལ་རྩ་ལེགས་བཅོས་དོ་དམ་གྱི་སྒྲིག་ནུས་ཀྱིས་རེ་བ་གསར་པའི་དགོས་མཁོ་འཚམ་ཐུབ་མེད་ཅིང་། རྒྱལ་སྤྱིའི་དངུལ་རྩའི་ཁྲོམ་ར་གཡོ་འགུལ་ཟམ་མི་ཆད་པར་བྱུང་བ་དང་། མ་དངུལ་ཝུ་གསོག་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་དཀའ་བ་བཅས་སོ། །

གསུམ་ནི་འཛམ་གླིང་འཕེལ་རྒྱས་ཀྱི་དོ་མཉམ་ལ་འཐུས་ཤོར་བྱུང་བ་སྟེ། སྐུ་ཞབས་པུའུ་ལགས་ཀྱིས་《བཟོ་ལས་གསར་བརྗེ་ཐེངས་བཞི་པ》ཞེས་པའི་དེབ་ནང་དུ་བྲིས་པ་ལྟར་ན། ཐེངས་བཞི་པའི་བཟོ་ལས་གསར་བརྗེ་ཡིས་རྒྱ་ཆེ་ཞིང་གཏིང་ཟབ་པའི་ཤུགས་རྐྱེན་ཆེན་པོ་ཐེབས་པ་དང་། དེར་འདྲ་མཉམ་མིན་པའི་གནས་ཚུལ་ཚབ་ཆེན་དུ་འགྲོ་བ་སོགས་འདུ་ཞིང་། ལྷག་པར་དུ་རྒྱ་བསྐྱེད་མ་རྩའི་ཕྱིར་ཡོང་དང་ངལ་རྩོལ་ནུས་ཤུགས་ཕྱིར་ཡོང་གི་ཧེ་བག་ཆེ་རུ་འགྲོ་སྲིད། འཛམ་གླིང་སྟེང་གི་ཕྱུག་པོའི་མི་གྲངས1%ལ་མངའ་བའི་རྒྱུ་ནོར་གྱི་གྲངས་ནི་འཕྲོ་ལྷག་མི་གྲངས99%ལ་མངའ་བའི་རྒྱུ་ནོར་གྱི་བསྡོམས་གྲངས་ལས་ཀྱང་མང་བ་ཟིན་ཅིང་། ཡོང་འབབ་ཀྱི་བགོ་སྟངས་འདྲ་མཉམ་མིན་པ་དང་འཕེལ་རྒྱས་ཀྱི་ཁོར་ཡུག་དོ་མཉམ་མིན་པ་ལ་མི་རྣམས་ལ་སེམས་ཁྲལ་སྐྱེས་སུ་བཅུག འཛམ་གླིང་སྟེང་སྔར་བཞིན་མི་གྲངས་དུང་ཕྱུར7གྱི་མི་གྲངས་དེ་འཚོ་བ་ཧ་ཅང་སྐྱོ་བའི་གནས་སུ་ལྷུང་ཡོད། ཁྱིམ་ཚང་མང་པོ་ཞིག་ལ་ཆ་མཚོན་ན། སྡོད་ཁང་དྲོད་ཁོལ་ལྡན་པ་ཞིག་དང་། ཁ་ཟས་འདེང་ངེས་ཤིག ལས་ཀ་གཏན་འཇགས་ཤིག་ཡོང་རྒྱུ་ནི་ཧམ་སེམས་ཅན་གྱི་རེ་འདུན་ཞིག་ཏུ་ཆགས་ཡོད། འདི་ནི་དེང་སྐབས་འཛམ་གླིང་ལ་འཕྲད་པའི་དཀའ་གནད་གཙོ་བོ་ཡིན་ལ། རྒྱལ་ཁབ་ཁ་ཤས་སུ་སྤྱི་ཚོགས་གཏན་བརླིང་མིན་པའི་རྒྱུ་རྐྱེན་གཙོ་བོའང་ཡིན། གནད་དོན་འདི་དག་གིས་དེང་སྐབས་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་དང་། ལེགས་བཅོས་དོ་དམ། འཕེལ་རྒྱས་རྣམ་པ་སོགས་ལ་ངེས་པར་དུ་ཐག་གཅོད་བྱེད་དགོས་པའི་གནད་དོན་ཡོད་པ་ཤེས་ཐུབ། རྒྱལ་སྤྱིའི་རྒྱ་གྲམ་དམར་པོའི་ཚོགས་པ་སྲོལ་གཏོད་མཁན་ཏུའུ་ནན་ལགས་ཀྱིས་གསུང་རྒྱུར། “དགྲ་བོ་ཡིན་ངེས་པ་ནི་ང་ཚོའི་ཁྱིམ་མཚེས་རྒྱལ་ཁབ་མ་ཡིན་པར། དེ་ནི་བཀྲེས་ལྟོགས་དང་། དབུལ་ཕོངས། བླུན་རྨོངས། རྨོངས་དད། ཕྱོགས་རིས་བཅས་རེད།”ཅེས་གསུངས། ང་ཚོ་ལ་གནད་དོན་ལ་དབྱེ་ཞིབ་བྱེད་པའི་ཤེས་རབ་དགོས་པ་མ་ཟད། ཐབས་བཀོད་གང་ཞིག་ལག་བསྟར་བྱེད་པའི་སྙིང་སྟོབས་དེ་བས་ཀྱང་ལྡན་དགོས། 

དང་པོ། གསར་གཏོད་རྒྱུན་འཁྱོངས་བྱས་ནས་གསོན་ཤུགས་ལྡན་པའི་འཕེལ་རྒྱས་ཀྱི་རྣམ་པ་བསྐྲུན་དགོས། འཛམ་གླིང་དཔལ་འབྱོར་ལ་འཕྲད་པའི་རྩ་བའི་གནད་དོན་དོན་འཕེལ་རྒྱས་ཀྱི་སྒུལ་ཤུགས་མི་འདང་བ་དེ་ཡིན། གསར་གཏོད་ནི་འཕེལ་རྒྱས་སུ་འགྲོ་བའི་སྒུལ་ཤུགས་དང་པོ་དེ་ཡིན། སྔོན་གྱི་བཟོ་ལས་གསར་བརྗེ་རྣམས་དང་བསྡུར་ན། ཐེངས་བཞི་པའི་བཟོ་ལས་གསར་བརྗེ་ནི་གཞི་གྲངས་རིམ་པ་ལྟར་འཕེལ་བ་ལས་དྲང་ཐིག་ལྟར་འཕེལ་རྒྱས་འགྲོ་བ་ནི་མིན། ང་ཚོས་ངེས་པར་དུ་གསར་གཏོད་ཀྱི་ཁྲོད་ནས་ཐར་ལམ་འཚོལ་དགོས་ཤིང་། གསར་གཏོད་དང་གསར་བརྗེ་བྱེད་ཕོད་པ་ན་གཞི་ནས་འཛམ་གླིང་དཔལ་འབྱོར་གྱི་འཕེལ་རྒྱས་ཀྱི་དཀའ་གནད་དེ་སེལ་ཐུབ་བོ། །

རྒྱལ་ཁབ་ཉི་ཤུའི་མཐུན་ཚོགས་ཀྱི་དབུ་ཁྲིད་རྣམ་པ་ཧེང་ཀྲུའུ་ལྷན་འཛོམས་བྱུང་སྟེ་གལ་ཆེ་བའི་ཐུན་མོང་གི་ལྟ་ཚུལ་བྱུང་ཡོད། དེ་ནི་གསར་གཏོད་དེ་གཙོ་བོར་བཟུང་ཞིང་། རྒྱལ་ཁབ་སོ་སོ་དང་འཛམ་གླིང་དཔལ་འབྱོར་འཕེལ་བ་ལ་ཕན་པའི་སྟོབས་ཤུགས་གསར་པ་སྔོག་འདོན་བྱེད་དགོས། ང་ཚོས་གསར་གཏོད་འཕེལ་རྒྱས་ཀྱི་འདུ་ཤེས་བསྐྱེད་ནས་ནོར་སྲིད་ཀྱི་སྐུལ་འདེད་ཀྱིས་དངུལ་ལོར་ཁོད་ཡངས་སུ་འགྱུར་བའི་རྩོད་གཞི་ལས་འགོངས་པ་ཞིག་དགོས། དཔེ་འཛུགས་བཅོས་སྐྱོང་དང་ཕྱོགས་བསྡུས་སྲིད་ཇུས་སྤྱོད་པའི་བསམ་ཕྱོགས་ལག་བསྟར་བྱེད་དགོས། ང་ཚོས་སྲིད་ཇུས་དང་བྱེད་ཐབས་གསར་པ་གཞིགས་ནས་སྒྲིག་གཞིའི་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་ཞིང་། གསར་གཏོད་ཀྱི་བར་སྟོང་ཆེ་རུ་བསྐྱེད་པ་དང་། དེའི་སྟོབས་ཤུགས་ལ་ཁ་སྣོན་རྒྱག་དགོས། ང་ཚོས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བསྐྲུན་དགོས་ལ། དུས་སྐབས་གསར་པའི་ཐོན་ལས་གསར་བརྗེའི་གོ་སྐབས་དང་གྲངས་འཛིན་དཔལ་འབྱོར་སོགས་ཀྱི་གོ་སྐབས་དམ་འཛིན་བྱེད་དགོས། དེ་ཡང་གནམ་གཤིས་ཀྱི་འགྱུར་ལྡོག་དང་མི་གྲངས་རྒན་འཁོགས་ཅན་དུ་འགྱུར་བའི་གནད་དོན་སོགས་ཀྱི་གནད་དོན་ཐག་གཅོད་ཐུབ་ཅིང་། ཆ་འཕྲིན་ཅན་དང་རང་འགུལ་ཅན་སོགས་ཀྱིས་ལས་ཞུགས་ལ་བརྡབ་གསིག་བསྐྱེད་པ་ཡང་ཐག་གཅོད་ཡང་དག་པར་བྱེད་ཐུབ་དགོས། ཐོན་ལས་གསར་པ་དང་ལས་གཟུགས་གསར་པའི་རྣམ་པའི་བརྒྱུད་རིམ་ཁྲོད་ནས་ལས་ཞུགས་ཀྱི་གོ་སྐབས་གསར་པ་བཟོ་དགོས་ཏེ། རྒྱལ་ཁབ་སོ་སོའི་མི་དམངས་ཀྱིས་ཡང་བསྐྱར་དེར་ཡིད་ཆེས་དང་རེ་བ་ཡོད་དུ་འཇུག་དགོས། 

གཉིས་པ། གཞོགས་འདེགས་མཉམ་འབྲེལ་རྒྱུན་འཁྱོངས་བྱས་ནས་སྒོ་དབྱེ་ཐུན་མོང་ངང་རྒྱལ་ཁ་ལེན་པའི་མཉམ་འབྲེལ་གྱི་རྣམ་པ་གསར་འཛུགས་བྱེད་དགོས། མིའི་རིགས་ནི་མ་གཞི་ནས་གཅིག་ལ་གཅི་འདུ་ཡི་ལས་དབང་གཅིག་ཏུ་བཀོད་པའི་ཐུན་མོང་གཟུགས་ཤིག་ཡིན་ཞིང་། ཁེ་ཕན་ཚད་མཐོའི་ངང་ནས་གཅིག་འདུས་དང་། ཕན་ཚུན་བར་ལའང་གཅིག་ལ་གཅིག་རྟེན་དུ་གནས་པ་ཞིག་གོ། །རྒྱལ་ཁབ་རེ་རེར་འཕེལ་རྒྱས་ཀྱི་དབང་ཆ་ཡོད་ལ། དེ་དང་ཆབས་ཅིག་ཚང་མས་རིམ་པ་ཟབ་ས་ནས་བསམ་བློ་བཏང་སྟེ་རང་ཉིད་ཀྱི་ཁེ་ཕན་ལ་བསམ་དགོས་ལ་རྒྱལ་ཁབ་གཞན་གྱི་ཁེ་ཕན་ལ་གནོད་པ་སྐྱེལ་བ་རྨང་གཞི་བྱེད་མི་རུང་། 

ང་ཚོས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྒོ་དབྱེའི་རྣམ་པ་ཅན་གྱི་འཛམ་གླིང་དཔལ་འབྱོར་འཕེལ་རྒྱས་གཏོང་དགོས་ལ། སྒོ་དབྱེའི་ཁྲོད་ནས་གོ་སྐབས་དང་ཁེ་ཕན་མཉམ་རོལ་བྱས་ཏེ་ཐུན་མོང་ངང་ཁེ་ཕན་རེག་ཅིང་ཕྱོགས་གཉིས་ཀ་རྒྱལ་བ་མངོན་འགྱུར་བྱེད་དགོས་པ་ལས། དཀའ་ངལ་དེ་ཙམ་ལ་འཕྲད་ཚེ་མཚོ་ཁུགས་སུ་སྐུང་སྟེ་འདུག་པ་ནི་ནམ་ཡང་རྒྱ་མཚོའི་ཕ་མཐར་སོན་པའི་གནས་མ་ལགས། ང་ཚོས་ནུས་ཤུགས་གང་ཡོད་ཀྱིས་འཛམ་གླིང་འབྲེལ་འདྲིས་དང་འགྲོ་འོང་འཕེལ་རྒྱས་སུ་བཏང་ནས་འཛམ་གླིང་རྒྱལ་ཁབ་སོ་སོའི་གཅིག་སྐུལ་གཅིག་ཁྲིད་ཀྱིས་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱེད་ཅིང་ཐུན་མོང་ཕྱུག་འགྱུར་གྱི་ཕྱོགས་སུ་ཆས་དགོས། ང་ཚོས་བློན་བརྟན་འགྱུར་མེད་ཀྱི་སྒོ་ནས་འཛམ་གླིང་རང་དབང་ཉོ་ཚོང་དང་མ་རྩ་གཏོང་བ་གོང་འཕེལ་གཏོང་དགོས། སྒོ་དབྱེའི་ཁྲོད་ནས་ཉོ་ཚོང་ལ་སྐུལ་འདེད་བྱེད་པ་དང་རང་དབང་མ་རྩ་གཏོང་བའི་ཁྲོད་ནས་ཁེ་ཕན་ཅན་དུ་བསྒྱུར་བ། ལངས་ཕྱོགས་གསལ་པོའི་སྒོ་ནས་སྲུང་སྐྱོབ་རང་ལུགས་ལ་ངོ་རྒོལ་བྱེད་ཀྱི་ཡིན། སྲུང་སྐྱོབ་རང་ལུགས་བསྒྲུབ་པ་ནི་རང་ཉིད་མུན་ནག་གི་ཁང་མིག་ཏུ་བཙུད་པ་དང་འདྲ་བར། ལྟོས་ཚོད་ཀྱིས་ཆར་རླུང་དྲག་པོ་ནས་ཐར་སོང་བར་འདོད་མོད། འོན་ཀྱང་ཉི་འོད་དང་མཁའ་དབུགས་ལ་རིང་དུ་གྱེས་པས། ཉོ་ཚོང་གི་མཇུག་འབྲས་ཀྱང་རང་གཞན་གཉིས་ཕུང་ཞིག་ཏུ་འགྱུར་ངེས་སོ། །

གསུམ་པ། རྒྱུན་འཁྱོངས་དང་དུས་བསྟུན་གོང་འཕེལ། འདྲ་མཉམ་དྲང་བདེན་གྱི་བཅོས་སྐྱོང་རྣམ་པ་བསྐྲུན་པ་སྟེ། ཤེས་རབ་ཆུང་བས་དོན་ཆུང་བསྒྲུབ། ཤེས་རབ་ཆེན་པོས་དོན་ཆེན་བསྒྲུབ་ཅེས་པ་ལྟར། འཛམ་གླིང་དཔལ་འབྱོར་བཅོས་སྐྱོང་མ་ལག་འགྱུར་ལྡོག་གཏོང་བའི་དགོས་ངེས་རང་བཞིན་འབུར་དུ་ཐོན་ཞིང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འབོད་སྐུལ་གཏོང་བའི་སྒྲ་ཡང་ཇེ་ཆེ་ནས་ཇེ་ཆེ་རུ་ཕྱིན། འཛམ་གླིང་བཅོས་སྐྱོང་མ་ལག་དེ་རྒྱལ་སྤྱིའི་དཔལ་འབྱོར་གྲུབ་སྟངས་ཀྱི་རེ་བ་གསར་པ་བཏོན་པ་ལ་འཚམ་པར་གྱུར་ཚེ། གཞི་ནས་འཛམ་གླིང་དཔལ་འབྱོར་ལ་ནུས་ལྡན་གྱི་ཁག་ཐེག་ཅིག་མཁོ་སྤྲོད་བྱས་ཡོད། 

རྒྱལ་ཁབ་ཀྱི་ཆེ་ཆུང་དང་། དྲག་ཞན། དབུལ་ཕྱུག་བཅས་ལ་མི་བལྟ་བར་ཚང་མ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཡིན་པས། སྲིད་ཇུས་གཏན་འབེབས་ལ་ཞུགས་པ་དང་། ཁེ་དབང་ལོངས་སུ་སྤྱོད་པ།  འོས་འགན་ཕྲག་ཏུ་འཁུར་བ་བཅས་ཀྱི་ཐད་ནས་འདྲ་མཉམ་ཡིན་དགོས་ལ། དེ་རུ་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཐུས་ཚབ་པ་སྔར་བས་མང་པོ་དང་གཏམ་བརྗོད་དབང་ཆ་ཅན་སྔར་བས་མང་པོ་ཡོད་དགོས། 2010ལོར། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པའི་དངུལ་བགོ་ཡིག་ཆར་གཞི་ནས་ཕན་ནུས་ལྡན་པར་གྱུར་ཡོད་ཅིང་འགྲོ་སྟངས་འདི་ནི་རྒྱུན་འཛིན་བྱེད་འོས་པ་ཞིག་ཡིན། མཐའ་མང་རིང་ལུགས་རྒྱུན་འཁྱོངས་བྱེད་པར་མཐའ་མང་རིང་ལུགས་ཀྱི་དབང་བཙན་རང་བཞིན་དང་ནུས་ལྡན་རང་བཞིན་ལ་སྲུང་སྐྱོབ་བྱེད་དགོས།  དམ་བཅའ་ལག་ལེན་དུ་བཏབ་ཅིང་། སྒྲིག་སྲོལ་ལ་བརྩི་སྲུང་ཞུས་ཏེ། རང་ཉིད་གང་འདོད་ལྟར་དོར་ལེན་གདམ་ག་བྱེད་པ་ནི་མིན།《པ་ལིས་གཏན་འབེབས》ནི་འཛམ་གླིང་འཕེལ་རྒྱས་ཀྱི་ཁ་ཕྱོགས་གཙོ་བོར་མཐུན་ཞིང་དེའི་གྲུབ་འབྲས་ནི་དཀའ་སྡུག་གི་འབྲས་བུ་ཞིག་ཡིན་པས་ཐུན་མོང་གིས་གཏན་སྲུང་བྱེད་འོས་པ་ལས་ལས་སླ་བོ་འདོར་བ་ནི་མ་ཡིན། འདི་ནི་ང་ཚོས་རྗེས་རབས་པ་རྣམས་ཀྱིས་ངེས་པར་དུ་འཁུར་དགོས་པའི་འོས་འགན་ཡིན་ནོ། །

བཞི་པ། འདྲ་མཉམ་བློ་ཡངས་རྒྱུན་འཛིན་བྱས་ནས་ཀུན་ལ་ཕན་ཞིང་དོ་མཉམ་ཡོང་བའི་འཕེལ་རྒྱས་ཀྱི་རྣམ་པ་བསྐྲུན་དགོས། ལམ་ཆེན་དག་གི་མཛད་པ་ནི། །གནམ་འོག་སྤྱི་ལ་བསམ་པ་ཡིན། །ཞེས་པ་ལྟར། འཕེལ་རྒྱས་ཀྱི་དམིགས་ཡུལ་ནི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དེ་ཡིན། འཕེལ་རྒྱས་ལ་དེ་བས་ཀྱང་དོ་མཉམ་ཡོང་བ་དང་། འཕེལ་རྒྱས་ཀྱི་གོ་སྐབས་དེ་བས་ཀྱང་འདྲ་མཉམ་ཡོང་བ། འཕེལ་རྒྱས་ཀྱི་འབྲས་བུ་མི་རེ་རེ་ནས་ལོངས་སུ་སྤྱོད་ཐུབ་པ་བཅས་ཡོང་བ་ལ་འཕེལ་རྒྱས་ཀྱི་འདུ་ཤེས་དང་རྣམ་པ་འཐུས་ཚང་ཅན་དུ་བཏང་ནས། འཕེལ་རྒྱས་ཀྱི་འདྲ་མཉམ་རང་བཞིན་དང་། ནུས་ལྡན་རང་བཞིན། གཞོགས་འདེགས་རང་བཞིན་བཅས་དང་ལྡན་དགོས། 

ང་ཚོས་ལས་ལ་བརྩོན་ཞིང་བབ་ཆགས་པ་དང་། བརྩོན་འགྲུས་ལྡན་ཞིང་ཡར་ཐོན་ལྡན་པའི་སྤྱི་ཚོགས་ཀྱི་ཁ་དབུགས་ལ་སྐུལ་འདེད་བྱས་ནས་མི་ཚང་མའི་ངལ་རྩོལ་གྱི་འབྲས་བུ་བརྩི་བཀུར་ཐོབ་པར་བྱེད་དགོས།  དབུལ་ཕོངས་དང་། ལས་ཤོར།  ཡོང་སྒོ་མང་ཉུང་གི་ཧེ་བར་ཆེ་བ་སོགས་ཀྱི་གནད་དོན་དམིགས་བསལ་གྱིས་ཐག་གཅོད་བྱས་ནས་ཉམ་ཆུང་མང་ཚོགས་ལ་ལྟ་སྐྱོང་ལེགས་པོ་བྱས་ཏེ་སྤྱི་ཚོགས་ཀྱི་འདྲ་མཉམ་དྲང་བདེན་སྐྱོང་དགོས། ཁོར་ཡུག་སྲུང་སྐྱོབ་ལེགས་པོ་བྱས་ཏེ་དཔལ་འབྱོར་དང་། སྤྱི་ཚོགས། ཁོར་ཡུག་བཅས་དོ་མཉམ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས། མི་དང་རང་བྱུང་ཁམས། མི་དང་སྤྱི་ཚོགས་འཆམ་མཐུན་ཡོང་བར་བྱེད་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་༢༠༣༠ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་གཞི་དོན་འཁྱོལ་ཡོང་བར་བྱས་ཏེ། འཛམ་གླིང་གི་ངོས་ཐད་ནས་འཕེལ་རྒྱས་ཡོང་བར་མངོན་འགྱུར་བྱེད་དགོས།  

སྟོབས་ཤུགས་གསོག་པའི་བྱ་བ་ལ། །མི་རྒྱལ་གང་ཡང་ཡོད་མ་ཡིན། །རིག་མང་བསྡུར་བའི་ལས་ཀ་ལ། །མི་འགྲུབ་གང་ཡང་ཡོད་མ་ཡིན། །ཞེས་པ་ལྟར། ང་ཚོས་མིའི་རིགས་ཀྱི་ལས་དབང་གཅིག་ཏུ་འབྲེལ་བའི་འདུ་ཤེས་སྐྱེད་བསྲིང་བྱས་ནས་ཕན་ཚུན་ལག་གདང་སྦྲེལ་ཞིང་ཐུན་མོང་གིས་འགན་འཁུར་བ། གྲུ་གཅིག་ལ་བསྡད་པ་མཚུངས་པར་དཀའ་གནད་གང་ཡོད་ཐུན་མོང་གིས་སེལ་ཚེ། གཞི་ནས་འཛམ་གླིང་སྔར་བས་མཛེས་སྡུག་ལྡན་ཞིང་། མི་རྣམས་སྔར་བས་བདེ་སྐྱིད་ལྡན་པར་འགྱུར་རོ། །

མཁྱེན་ལྡན་མ་ལྷན་རྒྱས་དང་། སྐུ་ཞབས་རྣམ་པ། གྲོགས་པོ་རྣམ་པ།

མི་ལོ38རིང་གི་བཅོས་བསྒྱུར་སྒོ་འབྱེད་བརྒྱུད་ནས། ཀྲུང་གོ་འདི་ཉིད་འཛམ་གླིང་སྟེང་གི་དཔལ་འབྱོར་དངོས་ཚན་ཆེ་གྲས་ཨང་གཉིས་པར་གྱུར་ཡོད།  བགྲོད་ལམ་གྱིས་ལས་དབང་གཏན་འཁེལ་བྱས་ཡོད་ཅེས་པ་ལྟར། ཀྲུང་གོའི་འཕེལ་རྒྱས་ཀྱི་འགག་རྩ་ནི་ཀྲུང་གོ་མི་དམངས་དེ་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་འོག ཀྲུང་གོ་རྒྱལ་ཁབ་ཀྱི་དངོས་ཡོད་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་ཀྱི་ལམ་ཁ་ཞིག་ཏུ་བསྐྱོད། ལམ་ཁ་འདི་ནི་རྒྱལ་ཁབ་འདིའི་དངོས་ཡོད་ཀྱི་གནས་ཚུལ་ལ་གཞིགས་ནས་གཏན་འབེབས་བྱས་པའི་ལམ་ཁ་ཞིག་ཡིན། ཀྲུང་གོས་རྒྱལ་ཁབ་རང་ཉིད་ཀྱི་གནས་ཚུལ་དང་ལག་ལེན་ཁྲོད་ནས་ཀྲུང་ཧྭའི་ཤེས་རིག་གི་ཁྲོད་ནས་ཤེས་རབ་སྦྱངས་ཤིང་། ཤར་ནུབ་མཁས་བརྒྱའི་ལེགས་ཆ་སྡུད་ལེན་བགྱིས་ཏེ་མཁྲེགས་འཛིན་མ་ཡིན་པའི་སྒོ་ནས་གཏན་སྲུང་བྱེད་པ་དང་། ཡོངས་སུ་ཚུར་ལེན་བྱེད་པ་མིན་པར་གཡར་ལེན་བྱེད་པ། ཟམ་མི་ཆད་པར་རང་ཉིད་ཀྱི་འཕེལ་རྒྱས་ལམ་ཁ་འཚོལ་སྙེག་བྱེད་པ་བཅས་བྱེད་ཀྱི་ཡོད། ལམ་ཁ་རེ་རེ་རོ་མར་འཐེན་ཞེས་པ་ལྟར། སུས་ཀྱང་རང་ཉིད་ཀྱི་འཕེལ་རྒྱས་ལམ་ཁ་དེ་ཉག་གཅིག་པུར་བཀུར་མི་རུང་ལ། རང་ཉིད་ཀྱི་འཕེལ་རྒྱས་ལམ་ཁ་དེ་རྒྱལ་ཁབ་གཞན་ལ་བཙན་འགེལ་དེ་བས་ཀྱང་བྱེད་མི་རུང་ངོ་། ། 

འདི་ནི་མི་དམངས་ཀྱི་ཁེ་ཕན་ཨང་དང་པོ་བཞག་པའི་ལམ་ཁ་ཞིག་ཡིན་ཏེ། ཀྲུང་གོས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་བློ་བཅངས་པས། མི་དམངས་ཀྱི་འཚོ་བ་ལེགས་བཅོས་དང་། མི་དམངས་ཀྱི་བདེ་སྐྱིད་ཚད་མཐོར་འགྲོ་བ་ནི་ཀུན་སློང་ཡིན་ལ་དམིགས་ཡུལ་ཡང་ཡིན། དེ་ཡང་མི་དམངས་ཀྱི་ཁྲོད་ནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་འཚོལ་བ་དང་། མི་དམངས་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། འཕེལ་རྒྱས་ལ་བརྟེན་ནས་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་བཅས་བྱེད། ཀྲུང་གོས་ཐུན་མོང་ཕྱུག་འགྱུར་གྱི་དམིགས་འབེན་རྒྱུན་འཁྱོངས་བྱེད་ཀྱི་ཡོད། དབུལ་ཐར་བྱ་གཞག་རྒྱ་ཆེར་སྐུལ་འདེད་བཏང་སྟེ། མི་གྲངས་དུང་ཕྱུར་༧ལྟག་དབུལ་ཕོངས་ལས་ཐར་བཞིན་ཡོད་ཅིང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་དམིགས་ཡུལ་ལ་གོམ་སྟབས་ཆེན་པོས་བགྲོད་བཞིན་ཡོད། 

འདི་ནི་བཅོས་བསྒྱུར་གསར་གཏོད་ཡོད་པའི་ལམ་ཁ་ཞིག་ཡིན། ཀྲུང་གོས་འཕེལ་རྒྱས་ཀྱི་ལམ་ཁའི་ཁྲོད་དུ་འཕྲད་པའི་དཀའ་ལས་དང་གནད་དོན་དག་བཀྲོལ་ཏེ་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་རྒྱུན་ཆད་མེད་པར་བཅིངས་འགྲོལ་དང་འཕེལ་རྒྱས་སུ་བཏང་། ཉེ་བའི་ལོ་ངོ4ཡི་རིང་། ང་ཚོས་ལོ་ངོ་༣༠ལྷག་རིང་བཅོས་བསྒྱུར་རྒྱུན་ཆད་མེད་པར་བྱས་པའི་རྨང་གཞིའི་སྟེང་ནས་ད་དུང་བཅོས་བསྒྱུར་གྱི་བྱེད་ཐབས་རྣམ་གྲངས1200ལྷག་བསྐྲུན་ཏེ་ཀྲུང་གོའི་འཕེལ་རྒྱས་ལ་སྒུལ་ཤུགས་སྟོབས་ལྡན་ཞིག་བསྣན། 

འདི་ནི་སྒོ་དབྱེའི་ཁྲོད་ནས་ཐུན་མོང་འཕེལ་རྒྱས་ལ་སྙེག་པའི་ལམ་ཁ་ཞིག་ཡིན། ཀྲུང་གོས་ཕྱི་ཕྱོགས་སུ་སྒོ་དབྱེ་བའི་རྒྱལ་ཁབ་ཀྱི་གཞི་རྩའི་སྲིད་ཇུས་རྒྱུན་འཁྱོངས་སྒོས། ཕན་ཚུན་ཁེ་ཕན་ལྡན་ཞིང་མཉམ་དུ་རྒྱལ་བའི་བློ་ཡངས་འཐབ་ཕྱོགས་ལག་བསྟར་བྱེད་བཞིན། འཕེལ་རྒྱས་ཀྱི་ཕྱི་ནང་གི་སྐུལ་ཁྲིད་རང་བཞིན་མཚམས་མི་ཆད་པར་མཐོར་འདེགས་བཏང་ནས། རང་ཉིད་ཀྱི་འཕེལ་རྒྱས་མངོན་འགྱུར་བྱུང་བ་དང་ཆབས་ཅིག་རྒྱལ་ཁབ་གཞན་དང་དེའི་མི་དམངས་ལའང་ཁེ་ཕན་ཐོགས་པ་མངོན་འགྱུར་བྱེད་བཞིན་ཡོད། 

ཀྲུང་གོའི་འཕེལ་རྒྱས་ལ་འབྲས་བུ་ཆེན་པོ་ཐོབ་ཅིང་ཀྲུང་གོའི་མི་དམངས་ཀྱི་འཚོ་བ་ལེགས་བཅོས་ཆེན་པོ་ཐོབ་པ་ནི་ཀྲུང་གོ་ལ་ཕན་པར་མ་ཟད། འཛམ་གླིང་ལའང་ཕན་པ་ཞིག་ཡིན། ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ནི་ཀྲུང་གོ་མི་དམངས་ཀྱིས་ལོ་ངོ་བཅུ་ཕྲག་དུ་མའི་རིང་དཀའ་སྤྱད་འབད་བརྩོན་དང་རྔུལ་ཁྲག་མཉམ་བཞུར་གྱིས་ལས་ཀ་བྱས་པའི་འབྲས་བུ་ཡིན། ལོ་ངོ་སྟོང་ཕྲག་རིང་། ཀྲུང་ཧྭ་མི་རིགས་ནམ་ཡང་ལས་ལ་བརྩོན་ཞིང་སྡུག་བསྲན་ཆེ་བ་འཛམ་གླིང་སྟེང་གྲགས་པ་ལས་ཀྱང་བྱུང་བ་ཡིན། ཀྲུང་གོ་མི་དམངས་ཀྱིས་འཇིག་རྟེན་འདིར་རིན་སྟེར་མི་དགོས་པའི་ཟས་ཐུན་ཞིག་མེད་པ་གཏིང་ཟབ་མོའི་སྒོ་ནས་རྟོགས་ཡོད། ཀྲུང་གོ་ནི་མི་གྲངས་དུང་ཕྱུར13ལྷག་ཡོད་པའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་ཞིང་། འཕེལ་རྒྱས་སུ་འགྲོ་དགོས་ན་རང་ཉིད་ཀྱིས་ལག་པ་འགུལ་ཏེ་བསྒྲུབ་དགོས་པ་ལས། མི་གཞན་ལ་སྐྱབས་བཅོལ་བ་འོས་མ་ཡིན་ཞིང་། འཇིག་རྟེན་འདིར་སུ་གང་ལའང་འདི་ལྟ་བུའི་ནུས་པ་ཞིག་མེད། 

ཀྲུང་གོའི་འཕེལ་རྒྱས་ལ་བལྟ་ཞིབ་བྱེད་ཚེ། དེ་ནི་ཀྲུང་གོའི་མི་དམངས་ལ་ཅི་ཞིག་འཐོབ་སོང་བར་བལྟ་དགོས་པ་དང་། ཀྲུང་གོའི་མི་དམངས་ཀྱིས་དཀའ་སྡུག་གང་འདྲ་མྱང་མིན་ལ་དེ་བས་ཀྱང་བལྟ་དགོས། ཀྲུང་གོའི་གྲུབ་འབྲས་གང་ཞིག་བླངས་ཡོད་མིན་བལྟ་དགོས་ཤིང་། ཀྲུང་གོས་འཛམ་གླིང་ལ་བྱས་རྗེས་གང་འདྲ་བཞག་ཡོད་མེད་དེ་བས་ཀྱང་བལྟ་དགོས།  འདི་ནི་ད་གཟོད་ཕྱོགས་ཡོངས་ལ་ཁྱབ་པའི་བལྟ་ཚུལ་ཞིག་ཡིན།     

1950ལོ་ནས2016ལོའི་བར། ཀྲུང་གོའི་རང་ཉིད་དུས་ཡུན་རིང་པོར་འཕེལ་རྒྱས་འགྲོ་དགོས་པ་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མི་མཐོ་བའི་གནས་ཚུལ་འོག  ཕྱི་རུ་རོགས་སྐྱོར་དངུལ་བུན་དམངས་སྒོར་དུང་ཕྱུར40000མཁོ་སྤྲོད་བྱས་པ་དང་། ཕྱི་རུ་རོགས་སྐྱོར་བྱེད་པའི་རྣམ་གྲངས5000ལྷག་དང་། དེ་རུ་ལེ་ལག་ཅན་གྱི་རྣམ་གྲངས3000ཙམ། གསོ་སྦྱོང་འཛིན་གྲྭ11000བསྒྲུབས་པ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དེ་ཀྲུང་གོ་ཡོད་པའི་གསོ་སྦྱོང་མི་སྣ་ཁྲི26ལྷག་བསྐྱེད་བསྲིངས་བྱས། བཅོས་བསྒྱུར་སྒོ་དབྱེ་ནས་བཟུང་སྟེ།  ཀྲུང་གོའི་ཕྱི་དངུལ་ནང་སྡུད་བྱས་པ་ཨ་སྒོར་དུང་ཕྱུར་ཁྲི་1.7ཡིན་ལ། ཕྱི་རུ་མ་རྩ་བཏང་བ་བསྡོམས་ཚེ་ཨ་སྒོར་དུང་ཕྱུར་ཁྲི1.2ཡིན་པས། འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ལ་བྱས་རྗེས་ཆེན་པོ་བཞག རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་བྱུང་བ་ནས་བཟུང་། ཀྲུང་གོའི་དཔལ་འབྱོར་གྱི་འཕེལ་རྒྱས་ཀྱིས་འཛམ་གླིང་དཔལ་འབྱོར་འཕེལ་རྒྱས་ཀྱི་བྱས་རྗེས་ཐད་ནས་ལོ་ལྟར30%ཡན་ཟིན། གྲངས་ཀ་འདི་དག་ནི་འཛམ་གླིང་ཨང་རིམ་མདུན་གྲས་སུ་ཟིན་ཡོད །

གྲངས་ཀ་འདི་དག་གིས་ཀྲུང་གོའི་འཕེལ་རྒྱས་ནི་འཛམ་གླིང་གི་གོ་སྐབས་ཤིག་ཡིན་ལ། ཀྲུང་གོ་ནི་དཔལ་འབྱོར་འཛམ་གླིང་ཅན་དུ་འགྱུར་བའི་སྐབས་ཀྱི་ཁེ་ཕན་འཐོབ་མཁན་དེ་ཡིན་པ་མ་ཟད། དེ་ལས་ཀྱང་བྱས་རྗེས་འཇོག་མཁན་དེ་ཡིན་པ་མཐོང་ཐུབ།  ཀྲུང་གོའི་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་བ་དེས་འཛམ་གླིང་དཔལ་འབྱོར་བརྟན་བརླིང་དང་འཕེལ་རྒྱས་འགྲོ་བ་ལ་སྒུལ་ཤུགས་སྟོབས་ལྡན་ཞིག་མཁོ་སྤྲོད་བྱས་ཡོད། ཀྲུང་གོ་དང་དེ་བཞིན་རྒྱལ་ཁབ་སྐོར་ཞིག་ཐུན་མོང་སྐུལ་ཁྲིད་ཀྱིས་འཕེལ་རྒྱས་བྱུང་བ་དེས་འཛམ་གླིང་དཔལ་འབྱོར་གྱི་འཕེལ་རྒྱས་སྔར་བས་དོ་མཉམ་དུ་ཕྱིན་པ་རེད། ཀྲུང་གོའི་དབུལ་སྐྱོར་བྱ་གཞག་གི་གྲུབ་འབྲས་ཆེན་པོའང་འཛམ་གླིང་དཔལ་འབྱོར་འཕེལ་རྒྱས་བློ་ཡངས་ཅན་དུ་བསྒྱུར་བ་དེ་ཡིན།  ཀྲུང་གོའི་བཅོས་བསྒྱུར་སྒོ་འབྱེད་རྒྱུན་མཐུད་དེ་ལག་བསྟར་བྱས་པས། སྒོ་དབྱེའི་རྣམ་པ་ཅན་གྱི་འཛམ་གླིང་དཔལ་འབྱོར་གྱི་འཕེལ་རྒྱས་ལ་སྒུལ་ཤུགས་གལ་ཆེན་མཁོ་སྤྲོད་བྱས། 

ཀྲུང་གོའི་མི་དམངས་ཀྱིས་རྒྱལ་ཁབ་ཀྱི་སྟོབས་འབྱོར་མངའ་ཐང་རྒྱས་དགོས་ཚེ་དཀའ་ལས་ཇི་ལྟར་ཆེ་བའི་ཚུལ་རྟོགས་ཤིང་། རྒྱལ་ཁབ་སོ་སོའི་མི་དམངས་ཀྱིས་བླངས་པའི་གྲུབ་འབྲས་ལ་བསྟོད་ར་འཐེན་ཞིང་སྨོན་འདུན་ཞུ་བཞིན་ཡོད། རེ་འདུན་དེ་ནི་ཁོང་ཚོའི་འཚོ་བ་སྔར་བས་བདེ་སྐྱིད་ལྡན་ཞིང་ཕྲག་དོག་མི་སྐྱེ་བ་དེའོ། །མི་གཞན་གྱིས་ཀྲུང་གོའི་འཕེལ་རྒྱས་ཀྱི་ཁྲོད་ནས་གོ་སྐབས་ལེགས་པོ་འཕྲད་ཅིང་ཁེ་ཕན་བཟང་པོ་འཐོབ་པ་ལ་འཁེང་ར་མི་བྱེད་པ་དེའོ། །ཀྲུང་གོའི་མི་དམངས་ཀྱིས་ལག་ཟུང་མཐོན་པོར་བཏེགས་ཏེ་ཕྱོགས་སོ་སོའི་རྒྱལ་ཁབ་ཀྱི་མི་དམངས་རྣམས་ཀྲུང་གོའི་འཕེལ་རྒྱས་ཀྱི་མགྱོགས་འཁོར་འདི་ལ་མཉམ་དུ་འདུག་པར་དགའ་བསུ་ཆེན་པོ་ཞུ་བཞིན་ཡོད་དོ། །

མཁྱེན་ལྡན་མ་ལྷན་རྒྱས་དང་། སྐུ་ཞབས་རྣམ་པ། གྲོགས་པོ་རྣམ་པ། 

མི་མང་པོས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་དོ་ཁུར་གནང་བཞིན་ཡོད། ཀྲུང་གོའི་དཔལ་འབྱོར་གྱི་འཕེལ་རྒྱས་དེ་རྣམ་པ་གསར་པ་ཞིག་ཏུ་སླེབས་ཡོད་པ་དང་། དཔལ་འབྱོར་གོང་དུ་འཕེལ་བའི་མྱུར་ཚད་དང་། བྱེད་སྟངས། གྲུབ་ཆ། སྒུལ་ཤུགས་སོགས་ཡོད་ཚད་ལ་འགྱུར་ལྡོག་ཆེན་པོ་བྱུང་བཞིན་ཡོད། འོན་ཀྱང་ཀྲུང་གོའི་དཔལ་འབྱོར་ཡུན་རིང་དུ་རྩ་བའི་ཆ་ནས་ལེགས་ཕྱོགས་སུ་འཕེལ་བཞིན་པ་ལ་འགྱུར་བ་བྱུང་མེད། 

2016ལོར། འཛམ་པོ་གླིང་གི་དཔལ་འབྱོར་ཉམ་ཆུང་དུ་སྣང་བའི་རྒྱབ་ལྗོངས་འོག ཀྲུང་གོའི་དཔལ་འབྱོར་སྔོན་དཔག་བྱས་ན6.7%འཕར་བ་དང་སྔར་བཞིན་འཛམ་གླིང་གི་མདུན་གྲལ་དུ་གནས་འདུག ད་ལྟ་ཀྲུང་གོའི་དཔལ་འབྱོར་གྱི་བོང་ཚད་དེ་སྔོན་དང་བསྡུར་ཐབས་མེད་པ་དང་། ཕྱོགས་བསྡུས་ཅན་གྱི་སྒུལ་ནུས་ནི་སྔ་མའི་གྲངས་གནས་གཉིས་ཀྱི་འཕར་ཚད་ལའང་ཐོན་དཀའ། ཀྲུང་གོའི་སྡོད་དམངས་ཀྱི་འཛད་སྤྱོད་དང་ཞབས་ཞུའི་ལས་རིགས་ནི་དཔལ་འབྱོར་གོང་འཕེལ་དུ་འགྲོ་བའི་སྒུལ་ཤུགས་གཙོ་བོར་ཆགས་ཡོད་པ་དང་།  2016ལོའི་དུས་ཚིགས་གོང་མ་གསུམ་དུ་ཐོན་ལས་གསུམ་པའི་འཕར་ཐང་གིས་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བསྡུར་ཚད52.8%ཟིན། རྒྱལ་ནང་གི་འཛད་སྤྱོད་ཀྱིས་དཔལ་འབྱོར་འཕེལ་བའི་ཐད71%ཡིས་བྱས་རྗེས་བཞག་ཡོད་པ་རེད། སྡོད་དམངས་ཀྱི་ཡོང་འབབ་དང་ལས་ཞུགས་བརྟན་ལྷིང་ངང་གོང་དུ་འཕེལ་བ་མངོན་གྱུར་བྱུང་བ་དང་། ལས་ཁུངས་ཀྱིས་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་ཟད་གྲོན་མུ་མཐུད་དུ་མར་བབས་ལ། ལྗང་མདོག་ཅན་གྱི་གོང་འཕེལ་ལ་ཐོག་མའི་ཕན་འབྲས་བྱུང་། 

མིག་སྔར། ཀྲུང་གོའི་དཔལ་འབྱོར་མདུན་དུ་བསྐྱོད་པ་ལ་སྣོན་ཤུགས་དང་དཀའ་ཁག་མི་ཉུང་བ་ངེས་ཅན་ཞིག་ལྷགས་ཡོད་པ་དཔེར་ན། ཐོན་སྐྱེད་ནུས་པ་ལྷག་ལུས་བྱུང་བ་དང་དགོས་མཁོའི་གྲུབ་ཆར་འགྱུར་བ་བྱུང་བའི་འགལ་བ་མངོན་གསལ་དོད་པ་དང་། དཔལ་འབྱོར་འཕེལ་བའི་ཐད་ཀྱི་ནང་གི་སྒུལ་ཤུགས་མི་འདང་བ། དངུལ་རྩའི་ཉེན་ཁ་ད་དུང་ཡོད་པ། ས་ཁུལ་སྐོར་ཞིག་གི་དཀའ་ངལ་མང་དུ་ཕྱིན་པ་བཅས་རེད། ང་ཚོས་བལྟས་ན། གནས་ཚུལ་འདི་དག་ནི་མདུན་སྐྱོད་ཁྲོད་འབྱུང་ངེས་པའི་དུས་རིམ་གྱི་རང་བཞིན་ལྡན་པའི་སྣང་ཚུལ་ཞིག་ཡིན་པ་དང་། གནད་དོན་དང་འགལ་བ་འདི་དག་ལ་ང་ཚོས་ཤུགས་རྒྱབ་ནས་ཐག་གཅོད་བྱེད་བཞིན་ཡོད་པ་མ་ཟད། ཟམ་མ་ཆད་པར་གྲུབ་འབྲས་ལེགས་པོ་ལེན་གྱིན་ཡོད་པས། ང་ཚོའི་བློ་རྩ་བརྟན་པའི་མདུན་སྐྱོད་གོང་འཕེལ་གྱི་ཆོད་སེམས་དེ་ནམ་ཡང་འགྱུར་བ་མེད། ཀྲུང་གོ་ནི་སྔར་བཞིན་འཛམ་གླིང་ཐོག་ཆེས་ཆེ་བའི་འཕེལ་རྒྱས་ཁྲོད་ཀྱི་རྒྱལ་ཁབ་ཞིག་ཡིན་ལ།  མི་འབོར་དུང་ཕྱུར13ལྷག་ཡོད་པ་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ད་དུང་མཐོན་པོ་མེད། འོན་ཀྱང་འདི་ཡིས་ང་ཚོ་གོང་འཕེལ་དུ་འགྲོ་སའི་བར་སྟོང་ཆེན་པོ་ཡོད་པ་ཤེས་ཐུབ། ང་ཚོས་གསར་གཏོད་དང་། མཐུན་སྦྱོར། འབྱུང་འཕྲོད། སྒོ་འབྱེད།  མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་ཀྱི་ཁྲིད་སྟོན་འོག རྒྱུན་མཐུད་ཀྱིས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ལ་གོམས་པ་དང་། ཁ་ལོ་བསྒྱུར་བ། སྣེ་ཁྲིད་བྱེད་པ་བཅས་བགྱི་ནས། དཔལ་འབྱོར་བརྟན་པོའི་ངང་འཕེལ་བ་དང་། བཅོས་སྒྱུར་ལ་སྐུལ་འདེད། གྲུབ་ཆ་ལ་སྙོམས་སྒྲིག དམངས་འཚོ་ལ་ཕན་འདོགས་པ། ཉེན་ཁ་ལས་སྲུང་བ་སོགས་ཀྱི་ལས་དོན་གཅིག་གྱུར་གྱིས་འཆར་འགོད་བྱ་དགོས་ཤིང་། ཀྲུང་གོའི་དཔལ་འབྱོར་འཕེལ་ཚད་དེ་འབྲིང་ངམ་མཐོ་རུ་འགྲོ་རྒྱུར་མཐའ་འཁྱོངས་བྱས་ཏེ་མི་དམངས་འཚོ་བའི་ཆུ་ཚད་འབྲིང་ངམ་མཐོན་པོར་ཆགས་ཏུ་འཇུག་དགོས། 

ཀྲུང་གོས་དཔལ་འབྱོར་འཕར་བའི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་རྒྱུར་ཤུགས་བཏོན་ཏེ། མཁོ་སྤྲོད་གྲུབ་ཆའི་རང་བཞིན་བསྒྱུར་བཅོས་བྱ་བའི་གཙོ་གནད་འདི་བཟུང་ནས། དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་ལེགས་འགྱུར་བྱ་བ་དང་། དཔལ་འབྱོར་གྲུབ་ཆ་ལེགས་སྒྱུར་བྱེད་པ། ཐོན་ནུས་ལྷག་ལུས་མེད་པ་དང་། མཛོད་ཉར་མེད་པ། མ་རྩ་དམའ་བ། ཞན་ཆ་གསབ་པ་བཅས་ལ་སྐུལ་འདེད་ཧུར་ཐག་བྱེད་རྒྱུ། 

ཀྲུང་གོས་མུ་མཐུད་དུ་དཔལ་འབྱོར་འཕར་སྣོན་གྱི་སྒུལ་ཤུགས་དང་ཁྲོམ་རའི་གསོན་ཤུགས་ལ་སྐུལ་སློང་བྱེད་རྒྱུ་དང་། གལ་ཆེའི་ཁྱབ་ཁོངས་དང་འགག་རྩའི་ལས་རིམ་ཐད་ཀྱི་བཅོས་བསྒྱུར་བྱེད་ཤུགས་ཆེ་རུ་གཏང་སྟེ་ཁྲོམ་རས་ཐོན་ཁུངས་བཀོད་སྒྲིག་ཁྲོད་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་ཐུབ་པ་བྱས་ནས་གསར་གཏོད་ཀྱི་སྣེ་འཁྲིད་དེ། གསར་གཏོད་ཀྱི་འཕེལ་རྒྱས་འཐབ་ཇུས་ལ་སྐུལ་འདེད་དང་། འཐབ་ཇུས་རང་བཞིན་གྱི་ཐོན་རྫས་གསར་པའི་འཕེལ་རྒྱས་ལ་སྐུལ་འདེད། ལས་རྩལ་གསར་པ་དང་ལས་སྒོ་གསར་པའི་ཐབས་ལ་བརྟེན་ནས་སྲོལ་རྒྱུན་གྱི་ཐོན་རྫས་ལེགས་སྒྱུར་བྱ་རྒྱུ། 

ཀྲུང་གོས་ཧུར་ཐག་གིས་གོ་རིམ་ལྡན་པའི་མ་དངུལ་འཇོག་པའི་ཁོར་ཡུག་ཡངས་པོ་ཞིག་བསྐྲུན་ཏེ། ཕྱི་རྒྱལ་གྱི་ཚོང་པས་མ་འཇོག་གི་ཆོག་འཐུས་ཡངས་པོར་གཏོང་བ་དང་། ཚད་གཞི་མཐོ་བའི་ཉོ་ཚོང་རང་དབང་ཅན་གྱི་ཚོད་ལྟའི་ཁུལ་འཛུགས་སྐྲུན་བྱས་ཏེ། ཐོན་རྫས་བདག་དབང་གི་སྲུང་སྐྱོང་ལ་ཤུགས་སྣོན་དང་དྲང་གཞག་འགྲན་རྩོད་ལ་སྐུལ་འདེད་ཀྱིས་ཀྲུང་གོའི་ཁྲོམ་ར་དེ་སྔར་ལས་གསལ་ཞིང་ཚད་ལྡན་ཅན་དུ་ཡོང་བ་བྱེད་རྒྱུ་ཡིན། མ་འོངས་པའི་ལོ་ལྔའི་རིང་སྔོན་དཔག་བྱས་ན། ཀྲུང་གོས་ཨ་སྒོར་དུང་ཕྱུར་ཁྲི8ཀྱི་ཚོང་ཟོག་ནང་འདྲེན་དང་། ཕྱི་ནས་ཡོང་བའི་མ་འཇོག་ཨ་སྒོར་དུང་ཕྱུར་6000བསྡུ་ལེན་བྱ་རྒྱུ། ཕྱི་ཕྱོགས་སུ་གཏོང་བའི་མ་འཇོག་སྤྱི་འབོར་གྱིས་ཨ་སྒོར་དུང་ཕྱུར7000ཟིན་རྒྱུ། ཕྱི་རྒྱལ་ལ་ལྟ་སྐོར་དུ་འགྲོ་བའི་མི་ཐེངས་དུང་ཕྱུར7ཟིན་རྒྱུ། འདིས་འཛམ་གླིང་གི་རྒྱལ་ཁབ་ཁག་ལ་དེ་བས་རྒྱ་ཆེ་བའི་ཁྲོམ་ར་དང་། འདང་ངེས་པའི་མ་རྩ། གྱ་ནོམ་པའི་ཚོང་རྫས། མཉམ་ལས་ཀྱི་གོ་སྐབས་རྩ་ཆེན་སོགས་བསྐྲུན་ཡོང་ངེས། རྒྱལ་ཁབ་ཁག་གི་བཟོ་ཚོང་ལས་རིགས་ལ་མཚོན་ནའང་། ཀྲུང་གོའི་འཕེལ་རྒྱས་ནི་ད་དུང་ཚང་མའི་གོ་སྐབས་ཤིག་ཡིན་ལ། ཀྲུང་གོའི་སྒོ་ཆེན་ནི་ཐོག་མཐའ་བར་གསུམ་དུ་རྒྱག་མི་སྲིད་པར་འཛམ་པོ་གླིང་ལ་ཡངས་པོར་ཕྱེ་ཡོད། རྒྱལ་སྒོ་ཕྱེ་ན་ད་གཟོད་འཛམ་གླིང་གི་ཡོད་ཚད་ནང་དུ་ཡོང་ཐུབ་ལ། ཀྲུང་གོ་ཡང་འཛམ་གླིང་གི་ཕྱོགས་སུ་བསྐྱོད་ཐུབ་པས། ང་ཚོའི་རེ་བ་ནི། རྒྱལ་ཁབ་སོ་སོའི་སྒོ་ཆེན་ཡང་ཀྲུང་གོའི་མ་འཇོག་པ་ལ་ཡངས་པོར་འབྱེད་རྒྱུ་དེ་ཡིན། 

ལོ3ལྷག་གི་སྔོན་དུ། ངས་“རྒྱུད་གཅིག་ལམ་གཅིག་”ཞེས་པའི་གྲོས་འགོ་བཏོན་པ་ཡིན། ལོ་ངོ3ལྷག་གི་རིང་། རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས100ལྷག་གིས་རྒྱབ་སྐྱོར་དང་ལེན་ཧུར་ཐག་ཞུས་ཟིན་པ་དང་། དེ་ལས་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས40ལྷག་གིས་ཀྲུང་གོ་དང་མཉམ་ལས་ཀྱི་གྲོས་མཐུན་བཞག་ལ། “རྒྱུད་གཅིག་ལམ་གཅིག”གི་“གྲོགས་པའི་སྐོར་”ཟམ་མི་ཆད་པར་མང་དུ་འགྲོ་བཞིན་འདུག ཀྲུང་གོའི་ཁེ་ལས་ཀྱིས་ལམ་རྒྱུད་རྒྱལ་ཁབ་བར་མ་འཇོག་ཨ་སྒོར་དུང་ཕྱུར500ལྷག་ཟིན་པ་དང་། གལ་ཆེའི་རྣམ་གྲངས་རབ་དང་རིམ་པ་མེ་ཏོག་རྩྭ་ཐང་དུ་བཞད་པ་ནང་བཞིན་བྱུང་བ་ཡིས། རྒྱལ་ཁབ་ཁག་གི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་དང་ལས་ཞུགས་ཀྱི་གོ་སྐབས་མང་པོ་སྐྲུན་འདུག དེ་བས། “རྒྱུད་གཅིག་ལམ་གཅིག་”གི་གྲོས་གཞི་ནི་ཀྲུང་གོ་ནས་བཏོན་རུང་། དེའི་ཕན་འབྲས་ནི་འཛམ་གླིང་དུ་ཁྱབ་ཡོད་པ་རེད། 

ད་ལོའི་ཟླ5པའི་ནང་། ཀྲུང་གོས་པེ་ཅིན་དུ་“རྒྱུད་གཅིག་ལམ་གཅིག་”གི་རྒྱལ་སྤྱིའི་མཉམ་ལས་ཆེས་མཐོའི་གླེང་སྟེགས་གཙོ་སྒྲུབ་གནང་རྒྱུ་ཡིན་ལ། ཐུན་མོང་གིས་མཉམ་ལས་ཀྱི་འཆར་འགོད་ལ་གྲོས་མོལ་དང་ཐུན་མོང་གིས་མཉམ་ལས་ཀྱི་སྟེགས་བུ་འཛུགས་སྐྲུན་བྱས་ཏེ་མིག་སྔར་འཛམ་གླིང་དང་ས་ཁུལ་གྱི་དཔལ་འབྱོར་ལ་འཕྲད་པའི་གནད་དོན་ཐག་གཅོད་བྱ་ཆེད་ཐབས་ཇུས་འཚོལ་བ་དང་། མཉམ་འགུལ་རྣམ་པའི་འཕེལ་རྒྱས་མངོན་འགྱུར་བྱ་ཆེད་ནུས་ཤུགས་གསར་པ་འདོན་རྒྱུ་མ་ཟད། སྔར་ལས་ལྷག་པར་“རྒྱུད་གཅིག་ལམ་གཅིག་”འཛུགས་སྐྲུན་ལེགས་པོ་བྱས་ཏེ་རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་སྐྱིད་བསྐྲུན་པར་བྱ་དགོས། 

མཁྱེན་ལྡན་མ་ལྷན་རྒྱས་དང་། སྐུ་ཞབས་རྣམ་པ། གྲོགས་པོ་རྣམ་པ།

འཛམ་གླིང་གི་ལོ་རྒྱུས་འཕེལ་རྒྱས་ཀྱིས་ང་ཚོར་བསྟན་པ་ནི། མིའི་རིགས་ཀྱི་ཤེས་དཔལ་གོང་འཕེལ་དུ་འགྲོ་བའི་བརྒྱུད་རིམ་ཁྲོད་ནམ་ཡང་སྙོམས་ཤིང་བདེ་བའི་ལམ་ཆེན་ཞིག་ཡོད་མི་སྲིད་པས། མིའི་རིགས་ནི་དཀའ་ཁག་དང་འཐབ་རྩོད་བྱེད་བཞིན་མདུན་དུ་བསྐྱོད་པ་རེད།  དཀའ་ངལ་གང་ཆེན་ཞིག་གིས་ཀྱང་མིའི་རིགས་མདུན་དུ་བསྐྱོད་པའི་གོམ་པ་འགོག་མ་ཐུབ། དཀའ་ངལ་ལ་འཕྲད་ཚེ། རང་ཉིད་ལ་འཁང་ར་དང་། མི་གཞན་ལ་སྐྱོན་བརྗོད། ཡིད་ཆེས་དོར་བ། ལས་འགན་ལ་གཡོལ་བ་སོགས་མི་བྱེད་པར། ང་ཚོས་མཉམ་དུ་དཀའ་ཁག་ལས་ཐར་བར་བྱ་དགོས། ལོ་རྒྱུས་ནི་བློ་སྤོབས་ཅན་རྣམས་ཀྱིས་གསར་གཏོད་གནང་བ་རེད། ང་ཚོས་ཡིད་ཆེས་དང་ལེན་གྱིས་ལག་གདང་སྦྲེལ་ནས་མ་འོངས་པའི་ཕྱོགས་སུ་མདུན་སྐྱོད་བྱེད།

ལྷན་རྒྱས་ལ་ཐུགས་རྗེ་ཆེ་ཞུ།

 ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་རྣམ་རྒྱལ་གྱིས་བོད་ཡིག་ཏུ་བསྒྱུར།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།