ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་དམངས་གཙོའི་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་པ་དང་ཏང་ཁག་གང་ལའང་མི་གཏོགས་མི་སྣའི་འཐུས་མིའི་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-01-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཅུ་དགུ་ཉིན་མགོ་འཛིན་མཛད་དེ་བཞུགས་མོལ་ཚོགས་འདུ་བསྡུས་ནས། དམངས་གཙོའི་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་པ་དང་། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མིས་སྲིད་གཞུང་བྱ་བའི་སྙན་ཞུའི་བསམ་འཆར་བསྡུ་ལེན་མ་ཡིག་ཐད་བཏོན་པའི་བསམ་འཆར་དང་གྲོས་གཞི་བཏོན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཚོགས་འདུར་ཞུགས།

ལིས་ཁི་ཆང་གིས་ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་ཀྱིས་དམངས་གཙོའི་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་མི་སྣ་བཅས་ཀྱིས་སྲིད་ཞུགས་སྲིད་གླེང་བྱེད་པར་ལམ་ལུགས་ཀྱི་འགན་སྲུང་འདོན་སྤྲོད་བྱས་ཡོད་ཅེས་བཤད། ཚོགས་འདུའི་སྟེང་དམངས་གཙོའི་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་པ་དང་། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མིས་གཏམ་བཤད། ཚང་མས་བལྟས་ན། ན་ནིང་རྒྱལ་ཁབ་ཕྱི་ནང་གི་རྙོག་འཛིང་ཆེ་བའི་གནས་བབ་ལ་དམིགས་ནས། བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་ཁྱོན་ཡོངས་ལ་བཀོད་འདོམས་བྱས་པ་དང་། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལྟར། བཅོས་སྒྱུར་གསར་སྐྲུན་དང་དཀའ་ངལ་ཁྱད་བསལ་བྱས་ཏེ་གཏན་ཁེལ་བྱས་པའི་འཕེལ་རྒྱས་ཀྱི་དམིགས་འབེན་སྣ་ཚོགས་ཡོངས་འགྲུབ་བྱས་ལ། གྲུབ་འབྲས་དེ་ནི་ཐོབ་སླ་བ་ཞིག་གཏན་ནས་མ་རེད་ཟེར། ཚང་མས་ད་ལོའི་སྲིད་གཞུང་བྱ་བ་བཟང་པོར་སྒྲུབ་པར་བསམ་འཆར་དང་གྲོས་གཞི་བཏོན།

ལིས་ཁི་ཆང་གིས་དམངས་གཙོའི་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་མི་སྣ་བཅས་ཀྱིས་སྲིད་གཞུང་གི་བྱ་བར་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས། ཁོང་གིས་གསུངས་རྒྱུར། ལོ་གཅིག་གི་རིང་ལ། བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་གྲུབ་འབྲས་མངོན་གསལ་ཐོབ་པ་དང་། དཔལ་འབྱོར་འཕར་ཚད་འཛམ་གླིང་གི་སྔོན་གྲལ་དུ་སླེབས་ལ། མཁར་གྲོང་ནས་གསར་དུ་ལས་ཞུགས་བྱས་པའི་མི་གྲངས་བསྟུད་མར་ལོ་བཞི་བར་མི་བྱེ་བ་གཅིག་དང་ས་ཡ་གསུམ་གྱི་ཡན་དུ་སླེབས་ཤིང་། སྒྲིག་གཞི་རིམ་འཕར་གྱི་གནས་བབ་བཟང་བ་དང་། སྒུལ་ནུས་གསར་བའི་རྒྱབ་རྟེན་ནུས་པ་ཉིན་རེ་བཞིན་མངོན་གསལ་ཡིན་པ་བཅས་ལ་བརྟེན་ནས་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འགོ་བཟང་པོ་ཞིག་བརྩམས། ད་ལོར་བརྟན་བརླིང་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་སྙིང་པོ་རྒྱུན་འཁྱོངས་བྱས་ཏེ། འཕར་སྣོན་བརྟན་འཇགས་ཡོང་བར་བྱེད་པ་དང་བཅོས་སྒྱུར་ལ་ཡར་སྐུལ་བྱེད་པ། སྒྲིག་གཞི་ལེགས་སྒྲིག་བྱེད་པ། དམངས་ཚིས་ལ་ཕན་འདོགས་པ། ཉེན་ཁ་འགོག་པ་བཅས་ཀྱི་བྱ་བ་ཁྱོན་ཡོངས་ནས་བཟང་པོར་སྒྲུབ་དགོས། ང་ཚོ་ཚང་མས་དཀའ་སྡུག་མཉམ་མྱོང་དང་དངོས་འཛིན་བདེན་སྒྲུབ་ཀྱིས་དཔལ་འབྱོར་གྱི་མྱུར་ཚད་རབ་འབྲིང་གི་ཚད་དུ་སྲུང་འཛིན་བྱེད་པ་དང་ཆུ་ཚད་མཐོ་འབྲིང་གི་ཕྱོགས་སུ་འཕེལ་རྒྱས་སུ་གཏོང་བར་ཡར་སྐུལ་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།