ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕེན་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཉིས་སྟོང་བཅུ་བདུན་ལོའི་ལོ་ཚོགས་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་གསུང་བཤད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-01-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

64647931f0490dc832c3b18b5e4ecd07.jpg

ཟླ་དང་པོའི་ཚེས་བཅུ་བདུན་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཏ་ཝོ་སི་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་ནས་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཉིས་སྟོང་བཅུ་བདུན་ལོའི་ལོ་ཚོགས་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་ཁ་ཡིག་ལ་དུས་རབས་ཀྱི་འགན་འཁྲི་མཉམ་དུ་དང་ལེན་བྱས་ཏེ་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་དགོས་ཞེས་པའི་གསུང་བཤད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དང་པོའི་ཚེས་བཅུ་བདུན་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཏ་ཝོ་སི་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་ནས་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཉིས་སྟོང་བཅུ་བདུན་ལོའི་ལོ་ཚོགས་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་ཁ་ཡིག་ལ་དུས་རབས་ཀྱི་འགན་འཁྲི་མཉམ་དུ་དང་ལེན་བྱས་ཏེ་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་དགོས་ཞེས་པའི་གསུང་བཤད་གནང་སྟེ། བློ་མཐུན་འགྱུར་མེད་སྒོས་དཔལ་འབྱོར་འཛམ་གླིང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་འཛམ་གླིང་ཅན་དུ་འགྱུར་བའི་འཕེལ་ཕྱོགས་ལ་སྣེ་ཁྲིད་བཟང་བོ་བྱས་ནས། འབྱོར་ཕྱུག་ལྡན་ཞིང་གསོན་ཤུགས་ལྡན་པའི་འཕར་སྣོན་རྣམ་པ་དང་སྒོ་འབྱེད་མཉམ་རྒྱལ་གྱི་མཉམ་ལས་རྣམ་པ། དྲང་བདེན་ལུགས་མཐུན་གྱི་བཅོས་སྐྱོང་རྣམ་པ། དོ་མཉམ་ཀུན་ཕན་གྱི་འཕེལ་རྒྱས་རྣམ་པ་གསར་སྐྲུན་བྱེད་པ་དང་། མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་ཆགས་པར་བྱེད་དགོས་ལ། མཉམ་དུ་ཁག་ཁུར་དང་སྐྱིད་སྡུག་མཉམ་ཁུར་བྱས་ནས་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

ཉིན་དེའི་སྔ་དྲོའི་དུས་ཚོད་བཅུ་གཅིག་གི་སྟེང་། ཞི་ཅིན་ཕེན་དང་ལྕམ་མོ་ཕིན་ལིས་ཡོན་རྣམ་གཉིས་ལ་སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྱི་ཀྲུའུ་ཞི་ལོ་ཡེ་ཐི་ཧ་ཏི་དང་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་གསར་སྐྲུན་མཁན་ཞོར་དུ་ལག་བསྟར་ཀྲུའུ་ཞིའི་འགན་འཁུར་མཁན་ཧྲི་ཝ་པུའུ་བཟའ་ཟླ་གཉིས་ཀྱི་འགྲོ་རོགས་བྱས་ཏེ་ཚོགས་རར་ཕེབས་པ་ན་ཚོགས་ར་ཡོངས་སུ་ཐལ་མོ་རྡེབ་སྒྲས་ཁེངས།

ཞི་ཅིན་ཕེན་གྱིས་གསུང་བཤད་གནང་སྐབས་གསུངས་རྒྱུར། དཔལ་འབྱོར་འཛམ་གླིང་ཅན་དུ་འགྱུར་བར་བྱེད་པ་ནི་སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཀྱི་རེ་བ་དང་ཚན་རྩལ་ཡར་ཐོན་གྱི་དགོས་ངེས་མཇུག་འབྲས་ཡིན། དཔལ་འབྱོར་འཛམ་གླིང་ཅན་དུ་འགྱུར་བར་བྱས་པ་དེས་འཛམ་གླིང་དཔལ་འབྱོར་འཕར་སྣོན་ལ་སྟོབས་ལྡན་སྒུལ་ཤུགས་འདོན་སྤྲོད་བྱས་པ་དང་། ཚོང་རྫས་དང་མ་རྩའི་འཁོར་རྒྱུགས་དང་ཚན་རྩལ་དང་དཔལ་ཡོན་ཡར་ཐོན། རྒྱལ་ཁབ་སོ་སོའི་མི་དམངས་བར་གྱི་འབྲེལ་འདྲིས་བཅས་ལ་སྐུལ་འདེད་བཏང་། ང་ཚོས་དཔལ་འབྱོར་འཛམ་གླིང་ཅན་དུ་འགྱུར་བར་སྣེ་ཁྲིད་བཟང་པོ་བྱེད་པ་དང་དཔལ་འབྱོར་འཛམ་གླིང་ཅན་དུ་འགྱུར་བའི་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་བསལ་ཏེ་རྒྱལ་ཁབ་སོ་སོ་དང་མི་རིགས་སོ་སོ་ལ་ཁེ་ཕན་ཐོབ་ཏུ་འཇུག་དགོས། ང་ཚོས་གནས་བབ་ཆེན་པོ་དང་མཐུན་པར་བྱེད་པ་དང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འབྲེལ་ཏེ། དཔལ་འབྱོར་འཛམ་གླིང་ཅན་དུ་འགྱུར་བའི་ཁྲོད་དུ་ཞུགས་པའི་ཐབས་ལམ་གདམ་གསེས་བྱེད་དགོས་པ་དང་། ང་ཚོས་ཕན་འབྲས་ལ་བརྩོན་ཞིང་འདྲ་མཉམ་ལ་ཡིད་འཇོག་བྱས་ཏེ། རྒྱལ་ཁབ་མི་འདྲ་བ་དང་རིམ་པ་མི་འདྲ་བ། མི་ཚོགས་མི་འདྲ་བ་བཅས་ལ་དཔལ་འབྱོར་འཛམ་གླིང་ཅན་དུ་འགྱུར་བའི་བཟང་ཆ་ལོངས་སུ་སྤྱོད་དུ་འཇུག་དགོས་ཟེར།

ཞི་ཅིན་ཕེན་གྱིས་ད་ལོའི་ཟླ་ལྔ་བར་ཀྲུང་གོས་པེ་ཅིན་ནས་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་བསྡུས་ཏེ། མཉམ་ལས་ཀྱི་ཇུས་གཞི་ཆེན་པོར་མཉམ་དུ་གྲོས་མོལ་བྱེད་པ་དང་མཉམ་ལས་སྟེགས་བུ་མཉམ་སྐྲུན་བྱེད་པར་མ་ཟད་མཉམ་ལས་གྲུབ་འབྲས་མཉམ་སྤྱོད་བྱས་ནས། དེང་སྐབས་འཛམ་གླིང་དང་ཁུལ་ཁོངས་དཔལ་འབྱོར་གྱི་མདུན་དུ་ལྷགས་པའི་གནད་དོན་ཐག་གཅོད་པར་ཇུས་གཞི་འཚོལ་ཞིབ་བྱེད་པ་དང་། མཉམ་འབྲེལ་རང་བཞིན་གྱི་འཕེལ་རྒྱས་མངོན་འགྱུར་བྱེད་པར་ནུས་ཤུགས་ཆེན་པོ་བཏོན་ནས། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱིས་རྒྱལ་ཁབ་སོ་སོའི་མི་དམངས་ལ་བདེ་སྐྱིད་སྐྲུན་རྒྱུ་ཁྱབ་སྒྲོག་མཛད།

མཛད་སྒོའི་སྔོན་ལ། ཞི་ཅིན་ཕེན་གྱིས་ལོ་ཡེ་ཐི་ཧ་ཏི་དང་སེར་ཝེ་ཡའི་ཙུང་ལི་ཝུའུ་ཆི་ཆི། སི་རི་ལན་ཁའི་ཙུང་ལི་ཝེ་ཁི་ལེ་མ་ཞིན་ཧ། བྷང་ག་ལའི་ཙུང་ལི་ཧ་ཞི་ནོ་སོགས་དང་ལྷན་དུ་བརྩེ་བའི་གླེང་མོལ་མཛད།    །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།