ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཁང་རྙིང་ཁུལ་བསྒྱུར་བཀོད་བྱ་བར་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-01-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཉེ་སྔོན་ཁང་རྙིང་ཁུལ་བསྒྱུར་བཀོད་བྱ་བར་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་། མཆན་བཀོད་མཛུབ་སྟོན་ནང་དུ། ཁང་རྙིང་ཁུལ་བསྒྱུར་བཀོད་ནི་དམངས་ཚིས་བཟོ་སྐྲུན་དང་འཕེལ་རྒྱས་བཟོ་སྐྲུན་ཆེན་པོ་ཡིན། ཉིས་སྟོང་བཅུ་དྲུག་ལོར་ས་ཁུལ་སོ་སོ་དང་འབྲེལ་ཡོད་ཕྱོགས་སོ་སོས་འབད་བརྩོན་ཆེན་པོ་དང་གཞོགས་འདེགས་དམ་པོ། དཀའ་ངལ་ཁྱད་བསལ་བཅས་བྱས་ཏེ་ཁང་རྙིང་ཁུལ་བསྒྱུར་བཀོད་ཀྱི་ལོ་གཅིག་གི་དམིགས་འབེན་དང་ལས་འགན་ཡོངས་འགྲུབ་བྱས་ནས། དཀའ་ངལ་ཅན་གྱི་ཁྱིམ་ཚང་གི་སྡོད་ཁང་གི་ཆ་རྐྱེན་ལེགས་བཅོས་བྱེད་པ་དང་ནུས་ལྡན་གྱི་དགོས་མཁོ་རྒྱ་བསྐྱེད་པར་ནུས་པ་གལ་ཆེན་བཏོན། ཉིས་སྟོང་བཅུ་བདུན་ལོའི་ཁང་རྙིང་ཁུལ་བསྒྱུར་བཀོད་ཀྱི་ལས་འགན་སྔར་བཞིན་ཧ་ཅང་ལྕི་བས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་བརྟན་པོར་བཅངས་ནས། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་སྤེལ་བ་གཙོ་བོར་བཟུང་སྟེ། བྱ་བའི་ཤུགས་ཚད་སྔར་ལས་ཇེ་ཆེར་གཏོང་བ་དང་། ལས་འགན་དངོས་འབེབས་བྱེད་པ། མ་དངུལ་སོགས་ཀྱི་ཆ་རྐྱེན་སྣ་ཚོགས་ལ་འགན་སྲུང་བྱེད་པ། ད་ལོའི་ཁང་པ་ས་ཡ་དྲུག་བསྒྱུར་བཀོད་བྱེད་པའི་ལས་འགན་སྔ་མོ་ནས་བཀོད་སྒྲིག་དང་སྔ་མོ་ནས་ལག་བསྟར་བྱེད་རྒྱུ་མ་ཟད། ཁང་རྙིང་ཁུལ་སྒྱུར་བཀོད་ལས་གཞིའི་འཛུགས་སྐྲུན་མུ་མཐུད་སྤེལ་ནས། མང་ཚོགས་སྔར་ལས་མང་པོ་སྔ་མོ་ནས་ཁང་པ་གསར་བར་སྤོར་དགོས། བཟོ་སྐྲུན་གྱི་རྒྱུ་སྤུས་བདེ་འཇགས་བཟང་པོར་འཛིན་པ་དང་། ཆ་སྡེབས་སྒྲིག་ཆས་འཛུགས་སྐྲུན་བཟང་པོར་སྤེལ་བ། དོ་དམ་ཞབས་ཞུ་བཟང་པོར་བགོ་བ། བྱེད་ཐབས་འཐུས་ཚང་དུ་གཏོང་བ། བྱ་བ་ཞིབ་ཚགས་སུ་གཏོང་བ། ལྟ་སྐུལ་དོ་དམ་ནན་མོ་བྱེད་པ་བཅས་བྱས་ཏེ། སྡོད་ཁང་གསར་བར་སྤར་བའི་མང་ཚོགས་ཀྱི་སེམས་བདེ་ལ་འབབ་ཏུ་འཇུག་དགོས། ཁང་རྙིང་བསྒྱུར་བཀོད་ཀྱི་མ་དངུལ་སྒེར་སྤྱོད་བྱེད་པ་སོགས་ཁྲིམས་འགལ་ལུགས་འགལ་གྱི་བྱ་སྤྱོད་ལ་ཆད་པ་ནན་མོ་བཅད་དེ། དམངས་ཚིས་འགན་སྲུང་དང་ལེགས་བཅོས་ཀྱི་གྲུབ་འབྲས་གསར་བས་ཏང་གི་ཚོགས་ཆེན་བཅུ་དགུ་བ་རྒྱལ་ཁའི་ངང་འཚོགས་པར་བསུ་མ་བྱེད་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།