ཞི་ཅིན་ཕེན་གྱིས་ཐུར་ཁེ་དང་ཨེ་ཅིབ་ནས་འགས་གཏོར་དོན་རྐྱེན་ཚབས་ཆེན་བྱུང་བའི་ཐད་ནས་ཨེ་ཅིབ་ཀྱི་ཙུང་ཐུང་དང་ཐུར་ཁེའི་ཙུང་ཐུང་རྣམ་གཉིས་ལ་འཚམས་འདྲི་ཞུ་བའི་གློག་འཕྲིན་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བཅུ་གཉིས་པའི་ཚེས་བཅུ་གསུམ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཐུར་ཁེ་རྒྱལ་ཁབ་ཀྱི་ཙུང་ཐུང་ཨེ་ཨར་ཏོ་ཨན་ལ་འཚམས་འདྲི་ཞུ་བའི་གློག་འཕྲིན་བཏང་སྟེ། ཟླ་བཅུ་གཉིས་པའི་ཚེས་བཅུ་ཉིན་ཐུར་ཁེ་རྒྱལ་ཁབ་ཀྱི་དབྱི་སི་ཐན་པུའུ་ཨར་གྲོང་ཁྱེར་ནས་འགས་གཏོར་དོན་རྐྱེན་ཚབས་ཆེན་བྱུང་བའི་ཁྲོད་དུ་མི་སྣ་ཤི་རྨས་བྱུང་བའི་ཐད་ནས་ཙུང་ཐུང་ཨེ་ཨར་ཏོ་ཨན་དང་འདས་པོའི་ཁྱིམ་མི། རྨས་མ་བཅས་ལ་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུས།

ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་འཇབ་རྒོལ་དོན་རྐྱེན་དེར་རྒོལ་གཏམ་དྲག་པོ་གཏོང་བ་དང་། བློ་ཐག་རྦད་ཆོད་སྒོས་རྣམ་པ་ཡོད་ཚད་ཀྱི་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པར་མ་ཟད། ཐུར་ཁེ་ཕྱོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷན་དུ་མཉམ་ལས་ལ་ཤུགས་སྣོན་པ་དང་། འཇིགས་སྐུལ་རིང་ལུགས་ཀྱིས་འཇིགས་སྣང་བཟོ་བར་མཉམ་དུ་ཁ་གཏད་འཇལ་འདོད་ཡོད་ཟེར།

ཟླ་བཅུ་གཉིས་པའི་ཚེས་བཅུ་གསུམ་ཉིན། ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ད་དུང་ཨེ་ཅིབ་རྒྱལ་ཁབ་ཀྱི་ཙུང་ཐུང་སེ་ཞི་ལ་འཚམས་འདྲི་ཞུ་བའི་གློག་འཕྲིན་བཏང་སྟེ། ཚེས་བཅུ་གཅིག་ཉིན་ཨེ་ཅིབ་རྒྱལ་ཁབ་ཀྱི་ཆོས་ཁང་ཞིག་ལ་འཇིགས་སྐུལ་འགས་གཏོར་འཇབ་རྒོལ་ཐེབས་པའི་ཐད་ནས་ཙུང་ཐུང་སེ་ཞི་དང་འདས་པོའི་ཁྱིམ་མི། རྨས་མ་བཅས་ལ་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུས།

ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་འཇབ་རྒོལ་དོན་རྐྱེན་དེར་རྒོལ་གཏམ་དྲག་པོ་གཏོང་བ་དང་། བློ་ཐག་རྦད་ཆོད་སྒོས་རྣམ་པ་ཡོད་ཚད་ཀྱི་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པར་མ་ཟད་མུ་མཐུད་དུ་ཨེ་ཅིབ་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་བྱེད་པར་འབད་བརྩོན་བྱས་པར་རྒྱབ་སྐྱོར་བྱེད་འདོད་ཡོད་ཟེར།

ཉིན་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཐུར་ཁེ་རྒྱལ་ཁབ་ཀྱི་ཙུང་ལི་ཡེ་ཨར་ཏི་ལེ་མུའུ་དང་ཨེ་ཅིབ་རྒྱལ་ཁབ་ཀྱི་ཙུང་ལི་དབྱི་སི་མེ་ཨར་གཉིས་ལ་འཚམས་འདྲི་ཞུ་བའི་གློག་འཕྲིན་བཏང་སྟེ། ཙུང་ལི་ཡེ་ཨར་ཏི་ལེ་མུའུ་དང་ཙུང་ལི་དབྱི་སི་མེ་ཨར། དེ་མིན་རྒྱལ་ཁབ་གཉིས་ཀྱི་འདས་པོའི་ཁྱིམ་མི་དང་རྨས་མ་བཅས་ལ་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུས། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།