ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་ཀྱི་དཔལ་ཡོན་ཁྱིམ་ཚང་ལ་གཟེངས་བསྟོད་གནང་བའི་ཚོགས་ཆེན་སྐབས་དང་པོ་པེ་ཅིན་ནས་ཚོགས་པ་དང་ཞི་ཅིན་ཕེན་གྱིས་རྒྱལ་ཡོངས་དཔལ་ཡོན་ཁྱིམ་ཚང་གི་འཐུས་མི་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་གསུང་བཤད་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-12-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

习近平刘云山等会见第一届全国文明家庭代表.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བཅུ་གཉིས་པའི་ཚེས་བཅུ་གཉིས་ཉིན། རྒྱལ་ཡོངས་ཀྱི་དཔལ་ཡོན་ཁྱིམ་ཚང་ལ་གཟེངས་བསྟོད་གནང་བའི་ཚོགས་ཆེན་སྐབས་དང་པོ་པེ་ཅིན་ནས་ཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་རྒྱལ་ཡོངས་དཔལ་ཡོན་ཁྱིམ་ཚང་གི་འཐུས་མི་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་གསུང་བཤད་གལ་ཆེན་གནང་།

 ཟླ་བཅུ་གཉིས་པའི་ཚེས་བཅུ་གཉིས་ཉིན། རྒྱལ་ཡོངས་ཀྱི་དཔལ་ཡོན་ཁྱིམ་ཚང་ལ་གཟེངས་བསྟོད་གནང་བའི་ཚོགས་ཆེན་སྐབས་དང་པོ་པེ་ཅིན་ནས་ཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་རྒྱལ་ཡོངས་དཔལ་ཡོན་ཁྱིམ་ཚང་གི་འཐུས་མི་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། ང་ཚོས་ཁྱིམ་ཚང་གི་དཔལ་ཡོན་འཛུགས་སྐྲུན་ལ་མཐོང་ཆེན་བྱེད་དགོས་པ་དང་། ཧུར་ཐག་སྒོས་ཁྱིམ་ཚང་ཁྲི་སྟོང་མང་པོ་དེ་རྒྱལ་ཁབ་འཕེལ་རྒྱས་དང་མི་རིགས་ཡར་ཐོན། སྤྱི་ཚོགས་འཆམ་མཐུན་བཅས་ཀྱི་རྨང་གཞི་རུ་འགྱུར་བར་བྱེད་པ་དང་མི་རྣམས་ཀྱི་ཕུགས་འདུན་མངོན་འགྱུར་བྱེད་ས་རུ་འགྱུར་བར་བྱེད་དགོས། སྤྱི་ཚོགས་ཀྱི་ལས་རིགས་སོ་སོ་ཁྱིམ་ཚང་དཔལ་ཡོན་འཛུགས་སྐྲུན་ཁྲོད་དུ་ཞུགས་པར་སྐུལ་སློང་བྱས་ཏེ། རྒྱལ་གཅེས་ཁྱིམ་གཅེས་དང་ཕན་ཚུན་ལ་བརྩེ་ཞིང་དུང་བ། ཡར་ཐོན་བརྩོན་ལེན། མཉམ་འཛུགས་མཉམ་སྤྱོད་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཁྱིམ་ཚང་དཔལ་ཡོན་གྱི་དར་སྲོལ་བཟང་བོ་ཆགས་པར་སྐུལ་འདེད་གཏོང་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་དཔལ་ཡོན་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལིག་ཡུན་ཧྲན་མཇལ་འཕྲད་ལ་ཞུགས་པར་མ་ཟད་གཟེངས་བསྟོད་ཚོགས་ཆེན་ལ་ཞུགས།

ཉིན་དེའི་སྔ་དྲོའི་དུས་ཚོད་དགུ་དང་སྐར་མ་སུམ་ཅུའི་སྟེང་། ཞི་ཅིན་ཕེན་ཅིན་ཞི་མགྲོན་ཁང་དུ་ཕེབས་ཏེ་དཔལ་ཡོན་ཁྱིམ་ཚང་གི་འཐུས་མི་རྣམས་ལ་ཕྱག་འཇུ་གནང་ཞོར་དུ་འཚམས་འདྲི་ཞུས་པར་མ་ཟད་འཐུས་མི་ཚོ་དང་ལྷན་དུ་པར་བླངས་ནས་དྲན་རྟེན་དུ་བཞག

ཞི་ཅིན་ཕེན་གྱིས་གསུང་བཤད་གནང་སྐབས་ཐོག་མར་ཏང་ཀྲུང་དབྱང་གི་ཚབ་མཛད་དེ་གཟེངས་བསྟོད་ཐོབ་པའི་སྐབས་དང་པོའི་རྒྱལ་ཡོངས་ཀྱི་དཔལ་ཡོན་ཁྱིམ་ཚང་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་འཐབ་ཕྱོགས་དང་པོ་རུ་བྱ་བ་སྒྲུབ་མཁན་རྣམས་ལ་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུས། ཞི་ཅིན་ཕེན་གྱིས་གསུང་རྒྱུར། ཁྱིམ་ཚང་ནི་སྤྱི་ཚོགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། ཁྱིམ་ཚང་འཆམ་མཐུན་ཡིན་ན་སྤྱི་ཚོགས་བདེ་འཇགས་ཡོང་ཞིང་ཁྱིམ་ཚང་ལ་བདེ་སྐྱིད་ལྡན་ན་སྤྱི་ཚོགས་འཆམ་མཐུན་ཡོང་བ་དང་། ཁྱིམ་ཚང་ལ་དཔལ་ཡོན་ལྡན་ན་སྤྱི་ཚོགས་ལ་དཔལ་ཡོན་ལྡན། ཁྱིམ་ཚང་ཁྲི་སྟོང་མང་པོ་བཟང་ན་ད་གཟོད་རྒྱལ་ཁབ་བཟང་བ་དང་མི་རིགས་བཟང་ལ། རྒྱལ་ཁབ་སྟོབས་ལྡན་དང་མི་རིགས་བསྐྱར་དར་ཡོང་བ་དང་མི་དམངས་ལ་བདེ་སྐྱིད་ལྡན་པ་བཅས་མཐར་གཏུགས་ན་ཁྱིམ་ཚང་ཁྲི་སྟོང་མང་པོ་བདེ་སྐྱིད་ལྡན་པ་ལས་མཚོན་པར་བྱེད་པ་དང་མི་དམངས་དུང་ཕྱུར་མང་པོའི་འཚོ་བ་སྔར་ལས་ལེགས་བཅོས་བྱེད་པ་ལས་མཚོན་པར་བྱེད་དགོས་པ་དེ་ང་ཚོས་གསལ་བོར་ཤེས་དགོས་ལ། ང་ཚོས་ད་དུང་རྒྱལ་ཁབ་བཟང་བ་དང་མི་རིགས་བཟང་ན་ད་གཟོད་ཁྱིམ་ཚང་བཟང་ལ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱས་ན་ད་གཟོད་ཁྱིམ་ཚང་གི་ཕུགས་འདུན་མངོན་འགྱུར་བྱེད་ཐུབ་པ་གསལ་བོར་ཤེས་དགོས། རྒྱ་ཆེའི་ཁྱིམ་ཚང་གིས་ཁྱིམ་གཅེས་རྒྱལ་གཅེས་གཅིག་གྱུར་བྱས་ཏེ། ཁྱིམ་ཚང་གི་ཕུགས་འདུན་མངོན་འགྱུར་བྱེད་པ་དེ་མི་རིགས་ཀྱི་ཕུགས་འདུན་དང་མཉམ་བསྲེས་བྱེད་པ་དང་། ང་ཚོ་ཁྱིམ་ཚང་དུང་ཕྱུར་བཞི་ལྷག་དང་མི་དམངས་དུང་ཕྱུར་བཅུ་གསུམ་གྱི་བློ་གྲོས་དང་སྤྲོ་སེམས་གཅིག་སྡུད་བྱས་ཏེ་བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་ནུས་ཤུགས་འདོན་དགོས་ཟེར།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཁྱིམ་ཚང་དཔལ་ཡོན་འཛུགས་སྐྲུན་དེ་ཉིན་རེའི་གྲོས་རིམ་དུ་འཇོག་དགོས། བཟོ་ཚོགས་དང་གུང་གཞོན་ཚོགས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་མང་ཚོགས་ཚོགས་པས་རང་སྟེང་གི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ། ཧུར་ཐག་གིས་ཁྱིམ་ཚང་དཔལ་ཡོན་འཛུགས་སྐྲུན་བྱ་འགུལ་རྒྱ་ཆེར་སྤེལ་དགོས། ཕྱོགས་སོ་སོས་འཚོ་བར་དཀའ་ཁག་ཆེ་བའི་ཁྱིམ་ཚང་ལ་ཐུགས་ཁུར་གནང་བ་དང་རོགས་རམ་བྱས་ཏེ་ཁོ་ཚོའི་དཀའ་ཁག་སེལ་རོགས་བྱེད་དགོས། བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱ་བའི་ལས་ཁུངས་ཀྱིས་གཅིག་གྱུར་སྒོས་འཆར་འགོད་དང་མཐུན་སྦྱོར། མཛུབ་སྟོན། ལྟ་སྐུལ་བཅས་ཀྱི་ནུས་པ་འདོན་སྤེལ་བཟང་བོ་བྱེད་དགོས་ཟེར།

ལིག་ཡུན་ཧྲན་གྱིས་ཚོགས་ཆེན་སྟེང་གསུངས་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་དཔལ་ཡོན་ཁྱིམ་ཚང་གི་འཐུས་མི་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་གསུང་བཤད་གལ་ཆེན་གནང་བ་དེ་ལས་ཏང་ཀྲུང་དབྱང་གིས་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་ཧ་ཅང་མཐོང་ཆེན་བྱེད་པ་དང་རྒྱལ་ཡོངས་ཀྱི་ཁྱིམ་ཚང་དུང་ཕྱུར་མང་པོར་ཐུགས་ཁུར་གནང་བ་མཚོན་པར་བྱས་ནས། ཁྱིམ་ཚང་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་བསྲུང་བྱ་གལ་ཆེན་འདོན་སྤྲོད་བྱས། རང་རྟོགས་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཛུབ་སྟོན་དུ་འཛིན་པ་དང་། ཁྱིམ་ཚང་དཔལ་ཡོན་འཛུགས་སྐྲུན་གྱིས་རྒྱལ་ཁབ་འཕེལ་རྒྱས་དང་མི་རིགས་ཡར་ཐོན། སྤྱི་ཚོགས་འཆམ་མཐུན་བཅས་ལ་ནུས་པ་གལ་ཆེན་འདོན་པ་གསལ་བོར་ཤེས་པར་བྱེད་དགོས་ལ། ཁྱིམ་ཚང་དང་ཁྱིམ་ཚང་གི་སློབ་གསོ། ཁྱིམ་སྲོལ་བཅས་ལ་སྔར་ལས་ཡིད་འཇོག་ཆེན་པོ་བྱས་ནས། ཁྱིམ་ཚང་དཔལ་ཡོན་འཛུགས་སྐྲུན་དེ་ཡུན་རིང་གི་ལས་འགན་ཞིག་ཏུ་བརྩིས་ཏེ་དམ་འཛིན་དང་ལག་བསྟར་བྱེད་དགོས་ཟེར།

ཚོགས་ཆེན་སྟེང་ལིག་ཡན་ཏུང་གིས་གཟེངས་བསྟོད་ཆོད་དོན་སྒྲོག་འདོན་བྱས་པ་དང་། ལིག་ཆི་པའོ་ཡིས་ཚོགས་ཆེན་ལ་མགོ་འཛིན་བྱས། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་ཀྲེ་ཅང་ཞིང་ཆེན་གྱི་འགན་འཁུར་བ་དང་དཔལ་ཡོན་ཁྱིམ་ཚང་གི་འཐུས་མི་ཁ་ཤས་ཀྱིས་གཏམ་བཤད། ཚོགས་ཆེན་སྟེང་ད་དུང་གཟེངས་བསྟོད་ཐོབ་པའི་ཁྱིམ་ཚང་གི་འཐུས་མི་ལ་བྱ་དགའ་གནང་། 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།