ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་ལྷའི་ཕོ་བྲང་ཨང་གཉིས་པ་དང་ལྷ་གྲུ་ཨང་བཅུ་གཅིག་པའི་མི་སྡོད་འཕུར་སྐྱོད་ལས་འགན་ཕུན་སུམ་ཚོགས་པའི་ངང་ལེགས་འགྲུབ་བྱུང་བར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-11-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་ཟླ་བཅུ་གཅིག་པའི་ཚེས་བཅོ་བརྒྱད་ཉིན་ལྷའི་ཕོ་བྲང་ཨང་གཉིས་པ་དང་ལྷ་གྲུ་ཨང་བཅུ་གཅིག་པའི་མི་སྡོད་འཕུར་སྐྱོད་ལས་འགན་ཕུན་སུམ་ཚོགས་པའི་ངང་ལེགས་འགྲུབ་བྱུང་བར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བཀོད་དོན། ལྷའི་ཕོ་བྲང་ཨང་གཉིས་པ་དང་ལྷ་གྲུ་ཨང་བཅུ་གཅིག་པའི་མི་སྡོད་འཕུར་སྐྱོད་ལས་འགན་ཕུན་སུམ་ཚོགས་པའི་ངང་ལེགས་འགྲུབ་བྱུང་བ་དང་། བར་སྣང་ཚོད་ལྟའི་ཁང་དུ་འཕུར་སྐྱོད་བྱེད་པའི་ལས་འགན་ལ་བསྟུད་མར་རྒྱལ་ཁ་ཐོབ་པས། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་ཐེངས་འདིའི་ལས་འགན་རྒྱལ་ཁའི་ངང་ཡོངས་འགྲུབ་བྱས་པའི་མཁའ་སྐྱོད་པ་དང་། ཐེངས་འདིའི་ལས་འགན་ཁྲོད་ཞུགས་པའི་ཚན་རྩལ་བྱ་བ་སྒྲུབ་མཁན་དང་། ལས་བྱེད་པ། ལས་བཟོ་བ། བཅིངས་འགྲོལ་དམག་གི་བཀོད་འདོམས་པ་བཅས་ཡོངས་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་དང་སྙིང་ཉེ་བའི་ངང་འཚམས་འདྲི་ཞུས་པ་ཡིན།

ལྷའི་ཕོ་བྲང་ཨང་གཉིས་པ་དང་ལྷ་གྲུ་ཨང་བཅུ་གཅིག་པའི་མི་སྡོད་འཕུར་སྐྱོད་ལས་འགན་ཕུན་སུམ་ཚོགས་པའི་ངང་ལེགས་འགྲུབ་བྱུང་སྟེ། རང་རྒྱལ་གྱི་མཁའ་སྐྱོད་པ་བར་སྣང་འཕུར་ལམ་དུ་དུས་ཡུན་འབྲིང་ཙམ་ལ་བསྡད་པ་ཐོག་དང་པོར་མངོན་འགྱུར་བྱས་པར་མ་ཟད། རྒྱལ་སྤྱིའི་ཚན་རྩལ་སྔོན་ཐོན་དང་མཐོ་གསར་ལག་རྩལ་འཕེལ་རྒྱས་ཀྱི་ཁ་ཕྱོགས་མཚོན་པའི་བར་སྟོང་ཚན་རྩལ་དང་བཀོལ་སྤྱོད་ལས་འགན་སྐོར་ཞིག་ལག་ལེན་ཏུ་བསྟར་བ་ལས་རང་རྒྱལ་གྱི་མི་སྡོད་མཁའ་སྐྱོད་བཟོ་སྐྲུན་ལ་འཕེལ་རྒྱས་ཆེན་པོ་གསར་བ་བྱུང་བ་མཚོན་ཡོད། དེ་ནི་གསར་གཏོད་ཅན་གྱི་རྒྱལ་ཁབ་དང་འཛམ་གླིང་གི་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་གྲུབ་འབྲས་གསར་བ་ཡིན་ལ། ཀྲུང་གོ་མི་དམངས་འཛམ་གླིང་ཚན་རྩལ་གྱི་རྩེ་མོར་སྙེག་པའི་གྲུབ་འབྲས་ཆེས་གསར་བ་ཞིག་ཀྱང་ཡིན།

བར་སྣང་ལ་འཚོལ་ཞིབ་བྱེད་པར་ཚད་མེད་པ་དང་། མཁའ་སྐྱོད་ཀྱིི་ཕུགས་འདུན་མངོན་འགྱུར་བྱེད་པའི་ལས་འགན་ལྕི་ལ་ལམ་ཐག་དེ་བས་ཀྱང་རིང་བས། ཁྱེད་ཚོས་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཐེངས་བཞི་བ། ཐེངས་ལྔ་བ། ཐེངས་དྲུག་པ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏིན་ཞོ་ཕེན་གྱི་རིགས་གཞུང་དང་མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ་བཅས་མཛུབ་སྟོན་དུ་བཟུང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུ་བཏོན་ནས་འབར་མདེལ་གཉིས་དང་འཁོར་སྐར་གཅིག་གི་སྙིང་སྟོབས་དང་མི་སྡོད་མཁའ་སྐྱོད་སྙིང་སྟོབས་འདོན་སྤེལ་བྱས་ཏེ། མཁའ་སྐྱོད་ཚན་རྩལ་ལས་དོན་ལ་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་བ་འབྱུང་བར་སྐུལ་འདེད་གཏོང་དགོས་པར་མ་ཟད། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་དགོས་ཟེར།།

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།