ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱི་ཡིས་བུའུ་ཙི་པེད་ཁི་སི་ཐན་གྱི་ཕྱི་འབྲེལ་པུའུ་ཀྲང་ཁ་སྨིས་ལོ་ཧྥུའུ་དང་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-11-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   ཟླ་བཅུ་གཅིག་པའི་ཚེས་བཅུ་གཉིས་ཉིན། ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱི་ཡིས་ཐ་ཧྲི་ཀན་ནས་བུའུ་ཙི་པེད་ཁི་སི་ཐན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་ཁ་སྨིས་ལོ་ཧྥུའུ་དང་གྲོས་མོལ་མཛད།

ཝང་དབྱི་ཡིས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་བུའུ་ཙི་པེད་ཁི་སི་ཐན་ཕྱོགས་ཀྱི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། བུའུ་ཙི་པེད་ཁི་སི་ཐན་བར་གྱི་མཛའ་མཐུན་སྲིད་ཇུས་གཏན་ནས་སྒྱུར་མི་སྲིད་ལ། བུའུ་ཙི་པེད་ཁི་སི་ཐན་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་གསར་སྐྲུན་བྱས་པའི་ཀྲུང་གོ་དང་བུའུ་ཙི་པེད་ཁི་སི་ཐན་གཉིས་ཀྱི་མཛའ་མཐུན་ལས་དོན་མུ་མཐུད་དུ་འཕེལ་རྒྱས་སུ་གཏོང་འདོད་ཡོད། དེ་ཀྲུང་གོ་དང་བུའུ་ཙི་པེད་ཁི་སི་ཐན་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཁེ་ཕན་དང་མཐུན་ལ། ས་ཁུལ་ཞི་བདེ་དང་བརྟན་འཇགས་སྒོས་འཕེལ་རྒྱས་སུ་གཏོང་བར་ཕན་པ་ཡོད། ཕྱོགས་གཉིས་ཀྱིས་ད་ལོའི་ཟླ་དྲུག་པར་རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ཐ་ཧྲི་ཀན་ནས་ཐུག་འཕྲད་བྱས་ཏེ་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་ཐད་ནས་གྲོས་མཐུན་བྱུང་བའི་ཐུན་མོང་གི་ལྟ་བ་གལ་ཆེན་རབ་དང་རིམ་པ་ལག་བསྟར་བཟང་བོ་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱིས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པ་སོགས་ཁྱབ་ཁོངས་གཙོ་བོའི་མཉམ་ལས་ལ་འཕེལ་རྒྱས་གསར་བ་འབྱུང་བར་སྐུལ་འདེད་གཏོང་དགོས་པར་མ་ཟད། སྦས་ཤུགས་སྔོག་འདོན་གང་ལེགས་བྱས་ནས། ཐོན་ནུས་དང་ཆུ་གློག གནས་སྐོར་བཅས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། མཉམ་ལས་ཀྱི་རྒྱ་བསྐྱེད་དེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ནང་དོན་ཕུན་སུམ་ཚོགས་པར་གཏོང་བ་དང་སྟོབས་ཤུགས་ཇེ་ཆེར་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་བུའུ་ཙི་པེད་ཁི་སི་ཐན་ཕྱོགས་དང་སྲིད་འཛིན་བདེ་འཇགས་དང་གསང་འཕྲིན་མཉམ་ལས་ཕྱོགས་ཀྱི་ཤུགས་ཚད་ཇེ་ཆེར་གཏོང་བ་དང་། ཧྲང་ཧེ་མཉམ་ལས་རྩ་འཛུགས་སོགས་ཕྱོགས་མང་མཉམ་ལས་ལ་ཤུགས་བསྣན་ཏེ། ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས་ལ་མཉམ་དུ་སྲུང་སྐྱོབ་བྱེད་འདོད་ཡོད་ཟེར།

ཁ་སྨིས་ལོ་ཧྥུའུ་ཡིས་བཤད་རྒྱུར། བུའུ་ཙི་པེད་ཁི་སི་ཐན་དང་ཀྲུང་གོ་གཉིས་ཀྱི་འཐབ་ཇུས་འབྲེལ་བ་དེ་ནི་འདྲ་མཉམ་དང་གཉིས་ཕན། ཕན་ཚུན་བར་གྱི་ནང་སྲིད་ཐེ་གཏོགས་མི་བྱེད་པ་བཅས་ཀྱི་རྨང་གཞིའི་སྟེང་བཙུགས་པ་ཡིན། ཉེ་བའི་ལོ་འགའི་རིང་ལ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མྱུར་དུ་འཕེལ་རྒྱས་སུ་སོང་ཡོད། ཕྱོགས་གཉིས་ཀྱིས་ཕན་ཚུན་བར་ཡིད་ཆེས་དམ་པོ་དང་བརྩི་འཇོག་བྱེད་ཀྱིན་ཡོད་ལ། ཆབ་སྲིད་དང་དཔལ་འབྱོར། མི་གཞུང་བཅས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གྲུབ་འབྲས་གཡུར་ཟ་བ་བླངས། བུའུ་ཙི་པེ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་བར་གྱི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཙུང་ཐུང་ཁ་ལི་མོ་ཧྥུའུ་ཡི་ཆབ་སྲིད་ཤུལ་བཞག་རྒྱུན་འཛིན་བྱས་ནས། བུའུ་ཙི་པེ་ཁི་སི་ཐན་དང་ཀྲུང་གོ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།