ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གིས་བརྡ་ཐོ་བཏང་སྟེ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་འཐུས་མི་འདེམ་བསྐོ་བྱེད་པའི་བྱ་བར་བཀོད་སྒྲིག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-11-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ་ཀྲུང་གུང་ཀྲུང་དབྱང་གིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་འཐུས་མི་འདེམ་བསྐོ་བྱེད་པའི་བྱ་བའི་སྐོར་གྱི་བརྡ་ཐོ་དཔར་ནས་བཀྲམ་སྟེ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་འཐུས་མི་འདེམ་བསྐོ་བྱེད་པའི་བྱ་བར་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས། ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་གྲོས་ཚོགས་བསྡུས་ནས་བཀོད་སྒྲིག་ཞིབ་མོ་བྱས།

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བར་བསྡོམས་པས་འཐུས་མི་སྟོང་གཉིས་དང་སུམ་བརྒྱ་ཡོད་ལ། རྒྱལ་ཡོངས་ཀྱི་འདེམ་བསྐོ་ལས་ཁུངས་བཞི་བཅུ་ནས་འདེམ་ཐོན་འབྱུང་རྒྱུ་རེད། ཀྲུང་དབྱང་གིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་འཐུས་མི་འདེམ་བསྐོ་བྱེད་པའི་བྱ་བ་བཟང་བོར་སྒྲུབ་དགོས་ན། ཏང་གི་སྒྲིག་ཡིག་གཞི་རྩའི་སྲུང་བྱར་བརྩིས་ཏེ། ཏང་གི་མགོ་ཁྲིད་ལ་ཤུགས་སྣོན་པ་དང་ཏང་ནང་གི་དམངས་གཙོ་དར་སྤེལ་བྱེད་པ། འདེམ་བསྐོ་སྒྲིག་ཁྲིམས་ནན་མོ་བྱེད་པ། ཆབ་སྲིད་ཀྱི་ཚད་གཞི་དང་སྔོན་ཐོན་རང་བཞིན་འབུར་དུ་ཐོན་པར་བྱེད་པ། ཁྱབ་ཆེ་བའི་འཐུས་མི་རང་བཞིན་མཚོན་པ། འཐུས་མིའི་གྲུབ་ཚུལ་ལེགས་བཅོས་བྱེད་པ། འཐུས་མི་འདེམ་བསྐོ་བྱེད་པའི་གོ་རིམ་ཚད་ལྡན་དུ་གཏོང་བ། ཚོགས་ཆེན་ཐེངས་བཅུ་དགུ་བའི་འཐུས་མིའི་བྱང་ཚད་བཟང་ཞིང་གྲུབ་ཚུལ་ལུགས་མཐུན་ཡིན་པ། ཁྱབ་རྒྱ་ཆེ་བ། ཏང་ཡོན་གྱིས་དེར་གུང་བཀུར་བྱེད་པ་བཅས་ཀྱི་རེ་བ་བཏོན།

ཀྲུང་དབྱང་གིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་འཐུས་མི་ནི་གུང་ཁྲན་ཏང་ཡོན་ཁྲོད་ཀྱི་ཕུལ་བྱུང་ཅན་ཡིན་ལ། འདེམ་སྒུག་པའི་ཆབ་སྲིད་ལངས་ཕྱོགས་གཙོ་བོར་འཛིན་པ་དང་། ཆབ་སྲིད་ཀྱི་ཚད་གཞི་གོ་གནས་དང་པོར་འཇོག་དགོས། བཟོ་བ་དང་ཞིང་བ། ཆེད་ལས་ལག་རྩལ་པའི་ཏང་ཡོན་ཁྲོད་ཀྱི་ཕུལ་བྱུང་དཔེ་ལེགས་པའི་འཐུས་མི་འདེམ་སྒུག་མི་སྣའི་ཁྲོད་འཇོག་དགོས། ཚོགས་ཆེན་ཐེངས་བཅུ་དགུ་བའི་འཐུས་མིའི་ཁྲོད་ལས་རིགས་སོ་སོ་དང་ཕྱོགས་སོ་སོའི་འཐུས་མི་ལྡན་དགོས་ལ། བུད་མེད་ཏང་ཡོན་དང་གྲངས་ཉུང་མི་རིགས་ཀྱི་ཏང་ཡོན་གྱིས་བསྡུས་ཚད་ངེས་ཅན་ཟིན་དགོས་པ་གཏན་འཁེལ་གསལ་བོ་བྱས།

ཀྲུང་དབྱང་གིས་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་འདེམ་བསྐོ་བྱ་བར་ འགན་ཁུར་ནན་མོ་བྱས་ནས། འཐུས་མི་འདེམ་བསྐོ་བྱ་བ་ཕུན་སུམ་ཚོགས་པའི་ངང་ལེགས་གྲུབ་འབྱུང་བར་ཁག་ཐེག་བྱེད་དགོས་ཞེས་ནན་གྱིས་བསྟན། 
ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་འཐུས་མི་འདེམ་བསྐོ་བྱ་བ་ད་ནས་མགོ་བརྩམས་ཏེ་སང་ལོའི་ཟླ་དྲུག་པའི་ཟླ་མཇུག་གི་སྔོན་ལ་ཡོངས་འགྲུབ་བྱེད་དགོས།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།