ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་ཧ་སག་སི་ཐན་ལ་འཚམས་འདྲིར་ཐོན་ནས་ཧ་སག་སི་ཐན་གྱི་ཙུང་ཐུང་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-11-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧ་སག་སི་ཐན་རྒྱལ་ཁབ་ཀྱི་ཙུང་ལི་སཱ་ཅིན་ཐ་ཡེ་ཧྥུའུ་ཡིས་གདན་དྲངས་པ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ས་དེའི་ཚེས་གསུམ་ཉིན་གྱི་དགོང་མོར་ཧ་སག་སི་ཐན་གྱི་རྒྱལ་ས་ཨ་སི་ཐ་ནཱ་ལ་ཐོན་ནས། ཧ་སག་སི་ཐན་ལ་དངོས་གཞིའི་འཚམས་འདྲི་མཛད་མགོ་བརྩམས།

ཚེས་གསུམ་ཉིན་གྱི་དགོང་མོར་ལིས་ཁི་ཆང་གིས་ཨ་སི་ཐ་ནཱའི་ཙུང་ཐུང་བཞུགས་ཤག་ནས་ཧ་སག་སི་ཐན་གྱི་ཙུང་ཐུང་ནཱ་ཀྲ་ཨར་པ་ཡེ་ཧྥུའུ་ལ་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཙུང་ཐུང་ནཱ་ཀྲ་ཨར་པ་ཡེ་ཧྥུའུ་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས་པ་བརྒྱུད་སྒྲོག་མཛད། ལིས་ཁི་ཆང་གིས་བསྟན་དོན། ད་ལོའི་ཟླ་དགུ་པར། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་ཧང་ཀྲིག་མཐོ་རིམ་གྲོས་ཚོགས་ཀྱི་སྐབས་སུ། ཀྲུའུ་ཞི་ཞི་ཅིན་ཕེན་དང་ཁྱེད་རྣམ་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་དགོངས་འཆར་བརྗེ་རེས་མཛད། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ལྟ་བ་ལག་བསྟར་བྱས་ཏེ། ཀྲུང་གོ་དང་ཧ་སག་སི་ཐན་གྱི་མཛའ་མཐུན་མཉམ་ལས་ཀྱི་ལོ་རྒྱུས་གསར་བ་རྩོམ་དགོས་ཟེར།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོས་ཧ་སག་སི་ཐན་བར་གྱི་ཐོན་ནུས་མཉམ་ལས་ཁྱོན་ཡོངས་ཟབ་སྤེལ་བྱས་ཏེ། ནུས་ཁུངས་དང་མཉམ་འབྲེལ་མཉམ་གཏོང་། ཞིང་ལས་ཐོན་རྫས་ཀྱི་ལས་སྣོན་ཞིབ་མོ་སོགས་ཐད་ཀྱི་བརྗེ་རེས་རྒྱ་བསྐྱེད་འདོད་ཡོད་ལ། ཧྲང་ཧེ་མཉམ་ལས་རྩ་འཛུགས་སོགས་ཀྱི་རྩ་འཛུགས་འོག་གི་རོགས་ལས་དང་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ཀྱི་འབྲེལ་འདྲིས་མཐུན་སྦྱོར་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་ཡར་སྐུལ་བྱེད་པ་དང་། ས་ཁུལ་གྱི་ཞི་བདེ་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ཟེར།

ནཱ་ཀྲ་ཨར་པ་ཡེ་ཧྥུའུ་ཡིས་བསྟན་དོན། ཧ་སག་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་ཐོན་ནུས་མཉམ་ལས་ཁྱོན་ཡོངས་ཟབ་སྤེལ་བྱེད་པ་དང་། ལས་གཞི་སྔར་ལས་མང་པོར་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀྱི་ཉོ་ཚོང་ཆུ་ཚད་ཇེ་མཐོར་གཏོང་འདོད་ཡོད་ཟེར།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།